༉ སྤྱི་ཟླ་༧ པའི་ཚེས་༢༢ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ རྒྱ་གར་གུ་ཇ་རཱཊ་གི་ གཞུང་དང་ མི་སེར་ཚུ་གིས་ ཕེབས་བསུ་ཞུ་ཡོདཔ་ད་ མི་དབང་མཆོག་གིས་ ཉིན་གྲངས་༣ གྱི་རིང་ རྒྱ་གར་གྱི་མངའ་སྡེའི་ནང་ གཟིགས་ཞིབ་གནང་ནི་ཨིནམ་བཞིན་དུ་ བློན་ཆེན་དྲགོས་ཚེ་རིང་སྟོབས་རྒྱས་ཀྱིས་ མི་དབང་མཆོག་གི་ ཕྱག་ཞུ་སྟེ་ཡོདཔ་ཨིན་པས།
མངའ་སྡེའི་བློན་པོ་ ཤྲི་ཇག་དིཤ་ བིཤ་ཝ་ཀར་མ་གིས་ བ་ཌོ་ཌ་ར་གནམ་ཐང་ནང་ ཕེབས་བསུ་ཞུ་བའི་ཤུལ་ལས་ ཡུ་ནི་ཊི་ ཨོཕ་ སི་ཊེ་ཅུ་ཟེར་མི་ གཅིག་སྒྲིལ་སྐུ་འདྲ་མཇལ་ནིའི་དོན་ལུ་ མི་དབང་མཆོག་གི་ ཕྱག་ཞུ་ཡོདཔ་ད་ རྒྱ་གར་གྱི་ མཁས་མཛངས་ཅན་གྱི་དབུ་ཁྲིདཔ་ སར་དར་ བ་ལཱཔ་བའེ་ པ་ཏིལ་གྱི་ རིང་ཚད་མི་ཊར་༡༨༢ འབད་མི་ སྐུ་འདྲ་དེ་ འཛམ་གླིང་ནང་ རིང་ཤོས་ཅིག་ཨིན་མས།
མི་དབང་མཆོག་གིས་ ཉེ་འདབས་ལུ་ཡོད་པའི་ འཛམ་གླིང་ནང་ སྦོམ་ཤོས་༢ པམ་ཨིན་མི་ སར་དར་ ས་རོ་བར་ ཆུ་བཀག་ར་ལུ་ གཟིགས་ཞིབ་གནང་ཡོདཔ་ད་ དེ་ཡང་ རྒྱ་གར་གྱི་མངའ་སྡེ་ གུ་ཇ་རཱཊ་དང་ མ་དི་ཡ་ པར་དེཤ་ མ་ཧ་རཱཤ་ཊ་ དེ་ལས་ ར་ཇཱསི་ཐཱན་ལུ་ ཆུ་དང་གློག་མེ་བཀྲམ་སྤེལ་འབད་ནིའི་དོན་ལུ་ བཟོ་སྐྲུན་འབད་ཡོདཔ་ཨིན་པས།
དེ་གི་ཤུལ་ལས་ མི་དབང་མཆོག་ གུ་ཇ་རཱཊ་གི་ གཙོ་འཛིན་བློན་པོ་ ཤྲི་བུ་པེན་ཌ་ པ་ཊེལ་གྱིས་ ཨཱ་མི་ད་བཱད་གནམ་ཐང་ནང་ ཕེབས་བསུ་ཞུ་བའི་ཤུལ་ལས་ མངའ་སྡེའི་རྒྱལ་ས་ གཱན་དི་ན་གར་ལུ་ གཟིགས་སྐོར་གནང་མིའི་དོན་ལས་ ཕྱི་རུའི་ཚོགས་སྟོན་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།
གུ་ཇ་རཱཊ་གི་ གཞུང་དང་མི་སེར་ཚུ་གིས་ འབྲུག་གི་འཐུས་མི་སྡེ་ཚན་ལུ་ རང་ལུགས་ཀྱི་ཐོག་ལས་ བསུ་ལེན་ལེགས་ཤོམ་འབད་མི་དེ་ལུ་ མི་དབང་མཆོག་གིས་ བཀའ་དྲིན་དགའ་ཚོར་ ཞུ་ཡོདཔ་ཨིན་པས།
མི་དབང་མཆོག་གིས་ གུ་ཇ་རཱཊ་ལུ་ བཞུགས་པའི་རིང་ མངའ་སྡེ་ནང་གི་ གཞི་རྟེན་མཐུན་རྐྱེན་སྦོམ་ཚུ་དང་ ལས་འགུལ་གཙོ་ཅན་ཚུ་ནང་ གཟིགས་ཞིབ་གནང་ནི་ཨིནམ་ད་ དེ་ཡང་ དགེ་ལེགས་ཕུག་དྲན་ཤེས་ཁྲོམ་ཚོགས་ཀྱི་དོན་ལུ་ ལཱ་འབད་བའི་བསྒང་ཡོད་པའི་ ཆ་ཤས་བཟུམ་ཅིག་སྦེ་ རྒྱ་གར་དང་ འབྲུག་གི་བར་ནའི་ མཉམ་འབྲེལ་དོན་ལས་ གོ་སྐབས་འཚོལ་ཞིབ་འབད་ནིའི་དོན་ལུ་ ཨིན་པའི་གནས་ཚུལ།
བཙན་སྐྱོགས་དབང་འདུས།