༉ སྤྱི་ཟླ་༩ པའི་ཚེས་༢ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ བསམ་གྲུབ་ལྗོངས་མཁར་ལུ་ པདྨ་ཐང་རྒྱལ་སྲུང་སློབ་སྡེའི་ནང་ ཆིབས་སྐྱོད་གནང་ཡོདཔ་ད་ དེ་ཡང་ སྤྱི་ཟླ་༩ པའི་ཚེས་༥ ལུ་ གཞུང་འབྲེལ་ཐོག་ལས་ རྒྱལ་སྲུང་ལས་རིམ་ འགོ་འབྱེད་ཀྱི་ གྲ་སྒྲིག་དོན་ལུ་ ས་ཁོངས་ནང་ གཟིགས་ཞིབ་གནང་ནིའི་དོན་ལུ་ཨིན་པས།
པདྨ་ཐང་དེ་ རྒྱལ་ཁབ་ནང་ རྒྱལ་སྲུང་སློབ་སྡེ་༤ ཡོད་པའི་གྲངས་སུ་༡ ཨིནམ་ད་ རྒྱལ་སྲུང་སློབ་སྡེ་ཚུ་ དབང་འདུས་མཁོ་ཐང་ཁ་དང་ མོང་སྒང་རྒྱལ་པོའི་ཞིང་ དེ་ལས་ བསམ་རྩེ་རྒྱ་མཚོ་གླིང་ཚུ་ནང་ གཞི་བཙུགས་འབད་ནི་ཨིན་པས།
ཤོ་ཐེངས་དང་པའི་ ན་གཞོན་རྒྱལ་སྲུངཔ་ཚུ་ ས་ཁོངས་ནང་ལྷོད་ཡོདཔ་བཞིན་དུ་ གནས་སྐབས་ཀྱི་ སྡོད་ཁྱིམ་ཚུ་ནང་ སྡོད་དོ་ཡོདཔ་ད་ སློབ་སྡེའི་ མཐུན་རྐྱེན་ངོ་མ་ཚུ་ ད་ལྟོ་ བཟོ་སྐྲུན་འབད་བའི་བསྒང་ཡོདཔ་ད་ སང་ཕོད་ཀྱི་ལོ་ནང་ མཇུག་བསྡུ་ནི་ཨིན་པས།
གཟིགས་ཞིབ་གནང་པའི་སྐབས་ མི་དབང་མཆོག་གིས་ རྒྱལ་སྲུངཔ་ཚུ་དང་ པདྨ་ཐང་ལུ་ ལས་རིམ་འཛིན་སྐྱོང་འཐབ་མི་ འགན་འཁྲི་ཅན་གྱི་ སྡེ་ཚན་དང་ མཇལ་ཕྲད་གནང་ཡོདཔ་ཨིན་པས།
མི་དབང་མཆོག་གིས་ རྒྱལ་སྲུངཔ་ཚུ་གི་ གཟུགས་ཁམས་དང་ སེམས་ཁམས་འཕྲོད་བསྟེན་ སྒྲིང་སྒྲི་སྦེ་བཞག་ནི་དེ་ ཁག་ཆེ་བའི་སྐོར་ལས་ གཙོ་བོར་བཏོན་ཏེ་ གསུངས་གནངམ་མ་ཚད་ སྦྱོང་བརྡར་འབད་བའི་རིང་ལུ་ ན་གཞོན་ཚུ་ བདེ་ཏོག་ཏོ་དང་ དགའ་ཏོག་ཏོ་སྦེ་ བཞག་ནི་ཨིན་ཟེར་ གསུངས་ཡོདཔ་ཨིན་པས།
འབྲུག་གི་རྒྱལ་ཡོངས་ཞབས་ཏོག་ རྒྱལ་སྲུང་ལས་རིམ་དེ་ མི་དབང་མཆོག་གིས་ སྤྱི་ལོ་༢༠༡༩ ལུ་ རྒྱལ་ཡོངས་དུས་ཆེན་བརྩི་སྲུང་ཞུ་བའི་སྐབས་ལུ་ གསལ་བསྒྲགས་གནང་ཡོདཔ་ད་ དེ་ཡང་ འབྲུག་པའི་ན་གཞོན་ཚུ་ མཐར་འཁྱོལ་ཅན་དང་ ལྕོགས་གྲུབ་ཅན་གྱི་ མི་ཁུངས་ཅིག་སྦེ་ བཟོ་ནིའི་དམིགས་གཏད་ལུ་ བྱུང་རབས་ཅན་གྱི་ གསར་བཏོད་ཨིན་པའི་ བརྡ་མཚོན་སྟོནམ་ཨིན་པས།
བསམ་གྲུབ་ལྗོངས་མཁར་ལུ་ བཞུགས་པའི་སྐབས་ མི་དབང་མཆོག་གིས་ སྦྱོང་བརྡར་འབད་བའི་བསྒང་ཡོད་མི་ བདེ་སྲུང་སྦྱོང་བརྡར་ལས་རིམ་ཐེངས་༦༥ པའི་ བདེ་སྲུངཔ་ཚུ་དང་གཅིག་ཁར་ མཇལ་ཕྲད་གནང་ཡོདཔ་ཨིན་པས།
མི་དབང་མཆོག་གིས་ དཔལ་རི་ཐང་ལུ་ གཞུང་གི་འགོ་དཔོན་ཚུ་དང་ ཤོ་ཐེངས་༦༥ པའི་ བདེ་སྲུང་སྦྱོང་བརྡར་འབད་མི་ཚུ་དང་གཅིག་ཁར་ མཇལ་ཕྲད་གནང་པའི་ཤུལ་ དགེ་ལེགས་ཕུག་ལས་ བསམ་གྲུབ་ལྗོངས་མཁར་ལུ་ ཆིབས་སྐྱོད་གནང་ཡོད་པའི་གནས་ཚུལ།
བཙན་སྐྱོགས་དབང་འདུས།