༉ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ སའུ་དི་ཨ་ར་བི་ཡ་ལུ་ གཟིགས་སྐོར་གནང་པའི་བསྒང་ཡོདཔ་ད་ ཁ་ཙ་ མི་དབང་མཆོག་གིས་ སའུ་དི་ཨ་ར་བི་ཡ་གི་ བརྒྱུད་འཛིན་རྒྱལ་སྲས་དང་ སའུ་དི་ཨ་ར་བི་ཡ་གི་ བློན་ཆེན་ཨིན་མི་ རྒྱལ་སྲས་མོ་ཧ་མེཌ་ བིན་ ཨཔ་དུ་ལ་ཛིཛ་ ཨཱལ་ སའུཌི་དང་གཅིག་ཁར་ མཇལ་ཕྲད་གནང་ཡོདཔ་ཨིན་པས།
ཞལ་འཛོམས་ནང་ ཕྱི་འབྲེལ་བློན་པོ་ རྒྱལ་སྲས་ཕའེ་སཱལ་ བིན་ ཕར་ཧཱན་དང་ ལམ་སྲོལ་བློན་པོ་ རྒྱལ་སྲས་བཱད་ར་ བིན་ ཨཔ་དུ་ལ་ བིན་ ཕར་ཧཱན་ ཚོང་འབྲེལ་བློན་པོ་ མ་ཇིཌ་ ཨཱལ་-ཀ་ས་བི་ དེ་ལས་ མི་མང་དངུལ་བཙུགས་ལས་ཁང་གི་ སྤྱི་འཛིན་ཡ་སིར་ ཨཱལ་-རུ་མ་ཡཱན་གྱིས་གཙོས་པའི་ སའུ་དི་ཨ་ར་བི་ཡ་གི་ འགོ་དཔོན་ཚུ་གིས་ བཅའ་མར་གཏོགས་ཡོདཔ་ཨིན་པས།
མི་དབང་མཆོག་གིས་ རི་ཡཱཌ་ལུ་ འཚོགས་པའི་བསྒང་ཡོད་མི་ མ་འོངས་དངུལ་བཙུགས་རྩོལ་སྒྲུབ་ཞལ་འཛོམས་ནང་ གྲལ་བཞུགས་གནང་དོ་ཡོདཔ་མ་ཚད་ འཛམ་གླིང་ཚོང་འབྲེལ་དང་ སྲིད་དོན་འགོ་ཁྲིདཔ་ཚུ་དང་གཅིག་ཁར་ཡང་ མཇལ་ཕྲད་གནང་ཡོད་པའི་གནས་ཚུལ།

Advertisement