༉ ཁ་ཙ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ རྒྱ་གར་གྱི་མངའ་སྡེ་ ཨུ་ཏར་པར་དེཤི་ ལཀ་ནོ་ལུ་ མ་ཧཱ་ཀུམ་མེ་ལ་དུས་སྟོན་ འགོ་འདྲེན་འཐབ་པའི་བསྒང་ཡོད་མི་དང་བསྟུན་ ཕེབས་གནང་ཡོདཔ་ད་ དེ་ཡང་ བློན་ཆེན་ན་རེན་ད་ར་ མོ་དི་གིས་ དམིགས་བསལ་གྱི་ མགྲོན་བརྡ་ཕུལ་མི་དང་འཁྲིལ་ཏེ་ཨིན་པས།
མི་དབང་མཆོག་ ལཀ་ནོ་ལུ་ ཅའུ་ད་རི་ ཅ་རཱན་སིང་ རྒྱལ་སྤྱི་གནམ་ཐང་ནང་ཕེབས་ད་ ཨུ་ཏར་པར་དེཤི་གི་ གཙོ་འཛིན་བློན་པོ་ ཤྲི་ཡོ་གི་ ཨ་དིཏ་ཡ་ནཱཐ་གིས་ ཕེབས་བསུ་ཞུ་བའི་ཤུལ་ལས་ མཇལ་ཕྲད་གནང་ཡོདཔ་ད་ ཨུ་ཏར་པར་དེཤི་གི་སྤྱི་འཛིན་ ཨེསི་ཨེམ་ཊི་ ཨ་ནཱན་དི་བེན་ པ་ཏེལ་གྱིས་ མི་དབང་མཆོག་ལུ་ ཚོགས་སྟོན་ལས་རིམ་ཅིག་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།
མ་ཧཱ་ཀུམ་མེ་ལ་དུས་སྟོན་དེ་ ལོ་༡༢ ཀྱི་བར་ན་ ཚར་རེ་འགོ་འདྲེན་འཐབ་དོ་ཡོདཔ་བཞིན་དུ་ དུས་སྟོན་ནང་ མི་གྲངས་ས་ཡ་ལས་བཅད་དེ་ འཛོམས་དོ་ཡོདཔ་ལས་ འཛམ་གླིང་ནང་ ཆོས་འབྲེལ་བསྡུ་འཛོམས་ སྦོམ་ཤོས་ཅིག་ཨིན་པས།
དུས་ཅི་གི་ མ་ཧཱ་ཀུམ་མེ་ལ་དུས་སྟོན་དེ་ དམིགས་བསལ་དུ་ རྩ་ཆེ་དགོ་མི་དེ་ཡང་ ལོ་༡༤༤ གི་བར་ན་ ཉི་ཟླ་སྐར་གསུམ་ཐད་ཕྲང་ ཚར་རེ་ཕོག་མི་ལུ་བརྟེན་ ཨིན་པའི་གནས་ཚུལ།