༉ ཁ་ཙ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ དགེ་ལེགས་ཕུག་མཆོད་རྟེན་གྱི་ ས་བསླང་རྟེན་འབྲེལ་ནང་ དབུ་བཞུགས་གནང་ཡོདཔ་ད་ མཆོད་རྟེན་དེ་ དགེ་ལེགས་ཕུག་དྲན་ཤེས་ཁྲོམ་ནང་ གལ་གནད་ཆེ་བའི་ ཆོས་དང་ལམ་སྲོལ་གྱི་ དམིགས་བསལ་དྲན་རྟགས་ཅིག་སྦེ་ འོང་ནི་ཨིན་མས།
ས་བསླང་རྟེན་འབྲེལ་དེ་ གཞུང་གྲྭ་ཚང་གི་ རྡོ་རྗེ་སློབ་དཔོན་གྱིས་ གནང་ཡོདཔ་ཨིན་པས།
རྒྱལ་པོའི་ལས་འགུལ་བཟུམ་ཅིག་ཨིན་མི་ མཆོད་རྟེན་གསར་བཞེངས་དེ་ དགེ་ལེགས་ཕུག་དྲན་ཤེས་ཁྲོམ་གྱི་ གཙོ་ཅན་ཅིག་ཨིནམ་ད་ ཆུ་གཟར་སྒང་ ཟླ་བ་ཐང་ལུ་ ས་ཆ་ཨེ་ཀར་༡༠༨ ནང་ བཞེངས་ནི་ཨིན་མི་མཆོད་རྟེན་གྱི་གཞི་བཀོད་ མཐོ་ཚད་མི་ཊར་༡༠༨ དང་ རྒྱ་ཚད་མི་ཊར་གྲུ་བཞི་༡༠༨ འབད་མི་དེ་ བྱ་རུང་ཁ་ཤོར་མཆོད་རྟེན་ལུ་ གཞི་བཞག་སྟེ་ཨིན་པས།
བྱ་རུང་ཁ་ཤོར་མཆོད་རྟེན་ངོ་མ་དེ་ ཀཱཐ་མཱན་ཌུ་ལུ་ཡོད་མི་ བའུ་ད་ནཱཐ་མཆོད་རྟེན་ཨིནམ་བཞིན་དུ་ གུ་རུ་པདྨ་སམ་བྷ་ཝ་དང་གཅིག་ཁར་ འབྲེལ་མཐུད་ཡོད་པའི་ཁར་ ཆོས་འབྲེལ་གྱི་ གལ་གནད་སྦོམ་ཡོདཔ་ཨིན་པས།
ནང་པའི་ཆོས་ལུགས་དང་འཁྲིལཝ་ད་ འདི་བཟུམ་གྱི་ མཆོད་རྟེན་བཞེངས་པ་ཅིན་ བསམ་གྱིས་མི་ཁྱབ་པའི་ ཕན་ཡོན་ཡོདཔ་སྦེ་ཨིནམ་ད་ དེ་ཡང་ རྒྱལ་བའི་གསུང་རབ་ཚུ་ནང་ འགྲེལ་བཤད་རྐྱབ་སྟེ་ཡོད་པའི་ བཟོ་བཀོད་དང་འཁྲིལཝ་ད་ ཕྱོགས་བཅུ་ནང་བཞུགས་པའི་ སངས་རྒྱས་དང་ བྱང་ཆུབ་སེམས་དཔའ་ཚུ་འཛོམས་སའི་ ས་གོ་ཅིག་སྦེ་ཨིན་པས།
རང་ལུགས་འབྲུག་པའི་ལག་ཤེས་ ཉམས་སྲུང་འབད་ནིའི་དོན་ལུ་ ས་གནས་ཀྱི་རྡོ་བཟོ་བོ་དང་ ལག་ཤེསཔ་ཚུ་ གྲལ་གཏོགས་འབད་བཅུག་ནི་ཨིནམ་བཞིན་དུ་ རྒྱུ་ཆས་གཙོ་བོ་ རྡོ་ལག་ལེན་འཐབ་ནི་ཨིནམ་ད་ ལས་འགུལ་དེ་ བཀའ་རྒྱ་བཟོ་བཀོད་འགན་རོགས་ཀྱིས་ འགོ་ཁྲིད་འབད་ནི་ཨིན་པས།
མཆོད་རྟེན་གྱི་ ས་བསླང་དང་འབྲེལ་ མི་དབང་མཆོག་གིས་ དགེ་ལེགས་ཕུག་ལུ་ ལས་འགུལ་གཙོ་ཅན་༢ ཀྱི་དོན་ལུ་ ས་བཅུད་བུམ་གཏེར་བཙུགས་ནིའི་ རྟེན་འབྲེལ་ནང་ཡང་ གྲལ་བཞུགས་གནང་ཡོདཔ་ཨིན་པས།
བསམ་གཏན་གླིང་ ཕུ་ལ་རི་ལུ་ བཞེངས་ནི་ཨིན་མི་ དགེ་ལེགས་ཕུག་རྫོང་དེ་ རྒྱལ་རབས་ཅན་གྱི་ རིན་སྤུངས་རྫོང་ལས་ སེམས་ཤུགས་ཐོབ་ཡོདཔ་ད་ དེ་ཡང་ དགེ་ལེགས་ཕུག་དྲན་ཤེས་ཁྲོམ་གྱི་ སའི་ཆགས་ཚུལ་ནང་ དཔེ་བརྙན་བཟོ་བཀོད་ཚུ་གི་གྲངས་སུ་ཨིནམ་ལས་ འབྲུག་གི་ལམ་སྲོལ་དང་ བཟོ་བཀོད་སྲོལ་ཁྱུན་ཚུ་ གསལ་སྟོན་འབདཝ་ཨིན་པས།
ཁྲོམ་གྱི་སྦུག་ལུ་ཡོད་མི་ དགེ་ལེགས་ཕུག་སློབ་གྲྭ་དེ་ བློ་གསར་སློབ་རིམ་ལས་ སློབ་རིམ་༦ པ་ཚུན་ སློབ་ཕྲུག་ཚུ་གི་དོན་ལུ་ ཉིན་ཆོས་སློབ་གྲྭ་སྦེ་ བཟོ་ནི་ཨིནམ་ད་ དེ་ཡང་ འབྲུག་རྒྱལ་པོའི་སློབ་སྡེ་གིས་ ཆོག་ཐམ་སྤྲོད་ཐོག་ འབྲུག་བེ་ཀ་ལུ་རེཊ་ཆོས་ཚན་ རྗེས་སུ་འཇུག་ནི་ཨིནམ་བཞིན་དུ་ ཕྱིའི་ཐད་ཀར་མ་རྩ་གཞི་བཙུགས་འོག་ལུ་ བཟོ་སྐྲུན་འབད་ནི་ཨིན་པས།
དགེ་ལེགས་ཕུག་ལུ་བཞུགས་པའི་རིང་ མི་དབང་མཆོག་གིས་ ས་གནས་ཀྱི་ མི་སྡེའི་འཐུས་མི་ཚུ་ལུ་ མཇལ་ཕྲད་གནང་ཡོད་པའི་གནས་ཚུལ།
བཙན་སྐྱོགས་དབང་འདུས།