༉ ཁ་ཙ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་དང་ མི་དབང་རྒྱལ་བཙུན་ དེ་ལས་ སྲས་སྲོས་ཚུ་དང་ མཇལ་ཁ་ཞུ་ནིའི་དོན་ལུ་པཱརཐི་གི་ ཨེཆི་བི་ཨེཕི་རྩེད་ར་ནང་ འབྲུག་མི་༡༦,༠༠༠ དེ་ཅིག་ འཛོམས་མི་ལུ་ལྟཝ་ད་ ད་ལྟོ་ཚུན་ ཕྱིའི་རྒྱལ་ཁབ་ནང་ དེ་བཟུམ་མའི་ འབྲུག་མི་འཛོམས་སར་ མཐོང་མ་མྱོངམ་ཨིན་པས།
འབྲུག་གི་ ཕྱི་ཁར་སྡོད་མི་ འབྲུག་པའི་མི་སྡེ་སྦོམ་ཤོས་ཅིག་ཨིནམ་ལས་ མི་དབང་མཆོག་དང་ མཇལ་ཕྲད་ཞུ་ནིའི་དོན་ལུ་ ཉིནམ་༢ སྦེ་ བཟོ་དགོཔ་བྱུང་ཡོདཔ་ཨིན་པས།
མི་དབང་མཆོག་དང་ མི་དབང་རྒྱལ་བཙུན་ རྒྱལ་སྲས་འཇིགས་མེད་རྣམ་རྒྱལ་དབང་ཕྱུག་ རྒྱལ་སྲས་ཨྱོན་དབང་ཕྱུག་ དེ་ལས་ རྒྱལ་སྲསམོ་བསོད་ནམས་དབྱངས་སྒྲོན་དབང་ཕྱུག་ལྷན་རྒྱས་ཚུ་ རྩེད་ར་ནང་ཕེབས་པའི་སྐབས་ དེ་ཁར་འཛོམས་མི་ འབྲུག་མི་ཚུ་གིས་ བཀྲིས་བདེ་ལེགས་དང་ ལེགས་སྨོན་གྱི་ཚིག་ཚུ་ འུར་སྒྲ་དང་བཅསཔ་སྦེ་ ཞུ་ཡོདཔ་ཨིན་པས།
མི་དབང་མཆོག་གིས་ དེ་ཁར་འཛོམས་མི་ཚུ་ལུ་ གསུངས་མིའི་ནང་ གཟིགས་སྐོར་གནང་དགོ་པའི་ རྒྱུ་མཚན་ངོ་མ་ར་ ཨཱསི་ཊེ་ལི་ཡ་ལུ་ འབྲུག་པའི་མི་སྡེ་ཚུ་དང་གཅིག་ཁར་ མཇལ་ཕྲད་གནང་ནིའི་དོན་ལུ་ཨིན་ཟེར་ཨིན་པས།
མི་དབང་མཆོག་གིས་ འབྲུག་གི་ རྒྱལ་ཡོངས་ལས་འགུལ་སྦོམ་ཤོས་ དགེ་ལེགས་ཕུག་རང་སྐྱོང་ལུང་ཕྱོགས་ཀྱི་སྐོར་ལས་ གསུང་བཤད་གནང་ཡོདཔ་མ་ཚད་ ལས་འགུལ་གྱི་སྐོར་ལས་ བསམ་འཆར་དང་ དྲི་བ་ཚུ་ བཀོད་གནང་ཟེར་ གསུངས་ཡོདཔ་ཨིན་པས།
དགེ་ལེགས་ཕུག་རང་སྐྱོང་ལུང་ཕྱོགས་ཀྱི་ བཀོད་ཁྱབ་གཙོ་འཛིན་ མཱུན་ ལི་འོང་ ལིའུ་དང་ ཁོ་གི་སྡེ་ཚན་གྱིས་ དགེ་ལེགས་ཕུག་རང་སྐྱོང་ལུང་ཕྱོགས་ཀྱི་ དུས་མཐུན་བཟོ་མི་ འཆར་གཞི་ཨམ་གྱི་སྐོར་ལས་ གསལ་བཤད་འབད་ཡོདཔ་མ་ཚད་ ཕྱི་ཁར་སྡོད་མི་ འབྲུག་མི་ཚུ་གིས་ རྩོལ་སྒྲུབ་འདི་ གོང་འཕེལ་གཏང་ནིའི་ནང་ ཕན་འདེབས་འབད་ནིའི་ ཐབས་ལམ་ཚུ་ བཤད་ཡོདཔ་ཨིན་པས།
མི་དབང་མཆོག་གི་ གཟིགས་སྐོར་དོན་ལུ་ བདུན་ཕྲག་ལས་བཅད་དེ་ སྦྱང་བ་འབད་མི་ རང་ལུགས་ཀྱི་ལས་རིམ་ཚུ་ སྤྱན་འབུལ་ཞུ་ཡོདཔ་ཨིན་པས།
མི་དབང་མཆོག་གིས་ རྩེད་ར་ནང་ འཛོམས་མི་ཚུ་དང་གཅིག་ཁར་ སྐུ་དངོས་སྦེ་ ཞལ་འདྲིས་གནང་མི་ལུ་ལྟཝ་ད་ མི་དབང་མཆོག་དང་ འབྲུག་པའི་མི་སྡེའི་བར་ན་ དམ་ཚིག་ལྷད་མེད་ཡོད་པའི་ བརྡ་མཚོན་སྟོནམ་ཨིན་པས།
མཇལ་ཕྲད་ལས་རིམ་དེ་ འབྲུག་ལས་བསྣམས་བྱོན་མི་ ནང་རྟེན་རྩ་ཅན་ཚུ་ མཇལ་ཁ་གནང་ཐོག་ལས་ མཇུག་བསྡུ་ཡོདཔ་ད་ དེ་ཡང་ གཙོ་བོ་ར་ ཨཱསི་ཊེ་ལི་ཡ་ལུ་སྡོད་མི་ འབྲུག་མི་ཚུ་གིས་ བླིན་བརླབས་དངོས་གྲུབ་འཐོབ་ནིའི་དོན་ལུ་ཨིནམ་ད་ ནང་རྟེན་ཚུ་ ཉིནམ་དག་པ་ཅིག་གི་རིང་ ཁམས་གསུམ་ཟིལ་གནོན་འབྲུག་པའི་ ལྷ་ཁང་ནང་ མཇལ་ཁ་གནང་ནི་ཨིན་པས།
པཱརཐི་ལུ་ འབྲུག་མི་ལེ་ཤ་ཡོད་མི་ལུ་བརྟེན་ ཆ་མཉམ་གྱིས་ མི་དབང་མཆོག་དང་ མཇལ་ཁ་ཞུ་ཚུགས་ནིའི་དོན་ལུ་ མཇལ་ཕྲད་ལས་རིམ་དེ་ ཉིནམ་༢ སྦེ་བཟོ་ཡོདཔ་ཨིན་པས།
མཇལ་ཕྲད་ལས་རིམ་ཐེངས་༢ པ་དེ་ ད་རིས་ འགོ་འདྲེན་འཐབ་ཡོདཔ་བཞིན་དུ་ འབྲུག་མི་སྟོང་ཕྲག་ལས་བཅད་དེ་ འཛོམས་ཡོདཔ་ཨིན་པས།
ལས་རིམ་མཐར་འཁྱོལ་ཅན་སྦེ་ བཟོ་ནིའི་དོན་ལུ་ བདེ་སྲུངཔ་དང་ འཁྲབ་སྟོན་འབད་མི་ཚུ་བརྩིས་ཏེ་ ཁས་བླངས་པ་སྟོང་ཕྲག་ལས་བཅད་མི་ཚུ་གིས་ རྒྱབ་སྐྱོར་ཐོག་ལས་ རྩ་འགེངས་ཏེ་ ལཱ་འབད་ཡོདཔ་ཨིན་པས།
འཛོམས་མི་ཚུ་གིས་ དམིགས་བསལ་གྱི་ དུས་སྐབས་འདི་ལུ་ མི་དབང་སྐུ་འཁོར་ལྷན་རྒྱས་ཚུ་དང་ མཇལ་ཕྲད་ཞུ་ནིའི་ གོ་སྐབས་ཐོབ་ཚུགས་ནི་དེ་གིས་ ཁོང་རའི་ དཔའ་ཉམས་དང་ བཀའ་དྲིན་དགའ་ཚོར་ཡོད་ལུགས་ཚུ་ བཤད་ཡོད་པའི་གནས་ཚུལ།
བཙན་སྐྱོགས་དབང་འདུས།