༉ ཁ་ཙ་ ཐིམ་ཕུག་ལྕང་གླིང་མི་ཐང་ནང་ རྒྱལ་ཡོངས་དུས་ཆེན་ཐེངས་༡༡༧ བརྩི་སྲུང་ཞུ་བའི་སྐབས་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ རྒྱལ་ཡོངས་ཚོགས་འདུའི་ ཚོགས་དཔོན་བགྲེསཔ་ དབང་ཕྱུག་རྣམ་རྒྱལ་ལུ་ བཀབ་ནེ་དཀརཔོ་དང་ དཔའ་རྟགས་གནང་ཡི།
དབང་འདུས་རྫོང་ཁག་ནང་ལས་ཨིན་མི་ སྐྱེས་ལོ་༦༠ ལང་མི་ དབང་ཕྱུག་རྣམ་རྒྱལ་གྱིས་ ཤེས་རིག་ལས་སྡེ་ནང་ ལོ་ངོ་༢༥ ལྷགཔ་ཅིག་གི་རིང་ ཕྱག་ཞུ་ཡོདཔ་ཨིན་པས།
དབང་ཕྱུག་རྣམ་རྒྱལ་གྱིས་ དབྱངས་ཅན་ཕུག་དང་ འབྲུག་རྒྱལ་ བྱ་དཀར་ རྟ་རྦབ་ཉི་མ་སློབ་གྲྭ་ཚུ་ནང་ སློབ་དཔོན་དང་ དབུ་འཛིན་སྦེ་ཕྱག་ཞུ་བའི་ཁར་ དེ་གི་ཤུལ་ལས་ སྤ་རོ་ཤེས་རིག་འགོ་དཔོན་དང་ ཤེས་རིག་ལྷན་ཁག་དང་ ལྟ་རྟོག་གཙོ་འཛིན་སྦེ་ ཕྱག་ཞུ་ཡོདཔ་ཨིན་པས།
སྤྱི་ལོ་༢༠༡༨ ལུ་ སྲིད་དོན་ནང་ འཛུལ་ཞུགས་འབད་དེ་ རྒྱལ་ཁབ་ལུ་ ལོ་༥ འི་རིང་ རྒྱལ་ཡོངས་ཚོགས་འདུའི་ ཚོགས་དཔོན་སྦེ་ ཕྱག་ཞུ་བའི་ཁར་ དུས་ཅི་ སྤྱི་ཟླ་༣ པ་ལས་ ཁོ་གིས་ ད་རེས་ སྤ་རོ་སྤང་སྦིས་ས་ འཇིགས་མེད་སེངྒེ་དབང་ཕྱུག་ཁྲིམས་ཀྱི་སློབ་སྡེ་ནང་ སློབ་ཕྲུག་ལས་དོན་དང་ སློབ་དཔོན་ཞབས་ཏོག་གི་ མདོ་ཆེན་སྦེ་ ཕྱག་ཞུ་ནི་ འགོ་བཙུགས་ཡོདཔ་ཨིན་པས།
དབང་ཕྱུག་རྣམ་རྒྱལ་གྱིས་ དེ་བཟུམ་མའི་ ངོས་འཛིན་གྱི་ གཟེངས་བསྟོད་གནང་མི་ལུ་ མི་དབང་མཆོག་ལུ་ གུས་ཞབས་དང་བཅསཔ་སྦེ་ གུས་བཏུད་ཕུལ་ཡོདཔ་ད་ ད་རེས་ རྒྱལ་ཁབ་དེ་ གཞི་སྒྱུར་འབད་བའི་བསྒང་ཡོདཔ་ལས་ རྒྱལ་ཁབ་ནང་ ཞབས་ཏོག་ཞུ་ནི་དེ་ གལ་ཅན་ཅིག་ཨིན་ཟེར་ཨིན་པས།
དེལས་ རྒྱལ་འཛིན་ཐིམ་ཕུག་མཐོ་རིམ་སློབ་གྲྭའི་གཙོ་འཛིན་ ཚེ་དབང་རྟ་མགྲིན་ལུ་ཡང་ མི་དབང་མཆོག་གིས་ བཀབ་ནེ་དཀརཔོ་དང་ དཔའ་རྟགས་གནང་ ཡོདཔ་ཨིན་པས།
དེ་མ་ཚད་ རྒྱལ་གཞུང་འཛིན་སྐྱོང་སློབ་སྡེའི་ ཡོངས་ཁྱབ་མདོ་ཆེན་དང་ ཤེས་རིག་ལྷན་ཁག་ནང་ མདོ་ཆེན་ཚུ་བརྩིས་ཏེ་ འགོ་ཁྲིདཔ་གི་ འགན་ཁུར་གལ་ཅན་ཚུ་ནང་ ཕྱག་ཞུ་ཡོདཔ་ཨིན་པས།
ཚེ་དབང་རྟ་མགྲིན་གྱིས་ སླབ་མིའི་ནང་ དེ་བཟུམ་མའི་ ངོས་འཛིན་གནང་མི་དེ་ཡང་ ཁོ་རའི་ སློབ་ཕྲུག་དང་ ཕམ་ཚུ་གི་རྒྱབ་སྐྱོར་ དེ་ལས་ བློ་གཏད་དང་ ཡིད་ཆེས་བསྐྱེད་མི་དེ་གིས་ སེམས་ཤུགས་ཐོབ་མི་ལུ་བརྟེན་ཨིན་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ངོས་འཛིན་དེ་ ང་ར་རྐྱངམ་གཅིག་གི་ བརྩི་སྲུང་མེན་པར་ ཡུན་རིངམོ་དང་ གྲུབ་འབྲས་ཐོན་མི་ཚུ་ནང་ གྲལ་གཏོགས་འབད་མི་ཚུ་གི་ སྙིང་སྟོབས་དང་ རེ་འདོད་ཅིག་ཨིན་ཟེར་ཨིན་པས།
ཁོ་གིས་ མི་དབང་མཆོག་གི་ མཁྱེན་རྒྱ་ཆེ་བ་དང་ དབུ་ཁྲིདཔ་བཟང་པོ་ལུ་ གུས་བཏུད་ཞུ་ཡོདཔ་བཞིན་དུ་ དེ་གིས་ རྒྱལ་ཁབ་ནང་ ཕྱག་ཞུ་ནི་ལུ་ བློ་སྟོབས་ཐེབས་ར་ ཐོབ་ཅི་ཟེར་ཨིན་པས།
དེ་མ་ཚད་ མི་དབང་མཆོག་གིས་ ཤེས་རིག་དང་ སྦྱོང་བརྡར་ལམ་ལུགས་ གཞི་བཙུགས་འབད་མི་ལུ་བརྟེན་ ཁེ་ཕན་ཐོབ་མི་ལུ་ བཀྲིན་དགའ་ཚོར་ཡོད་ལུགས་བཤད་ཡོདཔ་ཨིན་པས།
སྤ་རོ་འཁང་ཁུ་ལས་ སྐྱེས་ལོ་༦༦ ལང་མི་ ཚེ་དབང་རྟ་མགྲིན་གྱིས་ ཤེས་རིག་ལས་སྡེ་ནང་ ལོ་༣༥ གི་རིང་ ཕྱག་ཞུ་ཡོདཔ་ད་ ཁོ་གིས་ ཤེས་རབ་བརྩེ་མཐོ་རིམ་སློབ་གྲྭ་དང་ དབྱངས་ཅན་ཕུག་སློབ་གྲྭ་ཚུ་ནང་ དབུ་འཛིན་སྦེ་ ཕྱག་ཞུ་ཡོད་པའི་གནས་ཚུལ།
ཨོ་རྒྱན་རྡོ་རྗེ།