༉ ཁ་ཙ་ ཐིམ་ཕུག་ལྕང་གླིང་མི་ཐང་ནང་ རྒྱལ་རབས་ཅན་གྱི་ རྒྱལ་ཡོངས་དུས་ཆེན་ཐེངས་༡༡༧ པ་བརྩི་སྲུང་ཞུཝ་དང་འབྲེལ་ ཐུགས་ངལ་རངས་དང་བཅས་པའི་སྒོ་ལས་ འབྲུག་མངའ་བདག་རྒྱལ་པོ་མཆོག་གིས་ གསེར་གྱི་རྟགས་མ་༡༣ དང་ དངུལ་གྱི་རྟགས་མ་༨ བརྩིས་ཏེ་ བསྡོམས་མི་ངོམ་༢༡ ལུ་ ཐུགས་ངལ་རངས་ཀྱི་ རྟགས་མ་ཚུ་གནང་ཡི།
གསེར་གྱི་རྟགས་མ་ཐོབ་མི་ཚུ་ཡང་ ཧེ་མ་ ནང་སྲིད་ལྷན་ཁག་ནང་ ཕྱག་ཞུ་མི་ ཚེ་འདས་ལས་སྐྱིད་དབང་ཕྱུག་དང་ འབྲུག་ལས་ འགོ་དང་པ་ གངས་རི་མའོཊ་ ཨི་བ་རེསིཊ་གུ་ལུ་འཛེགས་མི་ སྡེ་གོང་འཇིགས་མེད་དཔལ་ལྡན་རྡོ་རྗེ་ འཇིགས་མེད་རྡོ་རྗེ་དབང་ཕྱུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་གི་ དོན་ཧིང་མཁས་མཆོག་ མ་ཡིཤ་གུ་རུང་ བདེ་སྲུང་ནང་ དམིགས་བསལ་སྒྲིག་གཡོག་རྒྱུག་མི་ དམག་སྲིད་སི་སི་ ཆེ་ཏི་རི་ གཞི་རྟེན་མཁོ་ཆས་དང་སྐྱེལ་འདྲེན་ལྷན་ཁག་གི་མདོ་ཆེན་ བཀྲིས་དཔལ་འབྱོར་ གསེར་སྒྲོན་ཡིག་ཚང་གི་ བཀོད་ཁྱབ་གཙོ་འཛིན་ བླམ་སྐལ་བཟང་ དེ་ལས་ འབྲུག་ལས་ ཀོ་རི་ཡ་ལུ་ ཆེ་མཐོ་དོན་གཅོད་ཡོངས་ཁྱབ་ ཡན་ཡོང་ཀེམ་ཚུ་ཨིན་པས།
དེ་ལས་ འབྲུག་ལས་ ཨིསི་པཱེན་ལུ་ ཆེ་མཐོ་དོན་གཅོད་ཡོངས་ཁྱབ་ ལཱན་པེ་ཊིཐ་ ཊའི་གུ་རི་རོ་དང་ འབྲུག་ལས་ ཇ་པཱན་ལུ་ ཆེ་མཐོ་དོན་གཅོད་ཡོངས་ཁྱབ་ ཨི་ཅི་རོ་ས་ཝའི་ འབྲུག་ལས་ ཤྲིལངྐ་ལུ་ ཆེ་མཐོ་དོན་གཅོད་ཡོངས་ཁྱབ་ ཨི་སུ་ཕ་ལེ་ཨ་བཱསི་ འབྲུག་ལས་ ནི་དར་ལེནཌ་གི་ ཆེ་མཐོ་དོན་གཅོད་ཡོངས་ཁྱབ་ ཀོར་ནི་ལིསི་ ཀི་ལི་ཡན་ དེ་ལས་ ཐའི་ལེནཌ་གི་ རྒྱན་ཆ་བཟོ་མི་ ཧེན་རེ་འོ་ཚུ་གིས་ མི་དབང་མཆོག་ལས་ གསེར་གྱི་རྟགས་མ་ཚུ་ ཐོབ་ཡོདཔ་ཨིན་པས།
མི་དབང་མཆོག་གིས་ ཚེ་འདས་ལས་སྐྱིད་དབང་ཕྱུག་གིས་ འབྲུག་པའི་ལམ་སྲོལ་དང་ བཟོ་བཀོདཔ་ཚུ་ ཉམས་སྲུང་འབད་བའི་ ངོས་འཛིན་ལུ་ གསེར་གྱི་རྟགས་མ་གནང་ཡོདཔ་ད་ ཚེ་འདས་ལས་སྐྱིད་དབང་ཕྱུག་གིས་ དུང་དཀར་རྫོང་བཟོ་སྐྲུན་འབད་བའི་སྐབས་ རང་ལུགས་ཀྱི་བཟོ་བཀོད་ ལག་ལེན་འཐབ་ནི་ལུ་ ངེས་བརྟན་བཟོ་སྟེ་ ལྟ་རྟོག་འབད་ཡོདཔ་མ་ཚད་ བདེ་ཆེན་ཕུག་ལྷ་ཁང་དང་ དབང་འདུས་ཕོ་བྲང་རྫོང་ ཉམས་སྲུང་འབད་ནི་ལུ་ཡང་ ཕན་འདེབས་སྦོམ་སྦེ་ར་ འབད་ཡོདཔ་ཨིན་པས།
སྡེ་གོང་འཇིགས་མེད་དཔལ་ལྡན་རྡོ་རྗེ་གིས་ གངས་རི་མའོཊ་ ཨེ་བ་རེསིཊ་གུ་ལུ་འཛེགས་མི་ འབྲུག་པའི་མི་ངོམ་དང་པ་ཅིག་སྦེ་ གྲུབ་འབྲས་བཏོན་ཚུགས་པའི་ ངོས་འཛིན་ལུ་ མི་དབང་མཆོག་གིས་ གསེར་གྱི་རྟགས་མ་གནང་ཡི།
ཌོག་ཊར་མ་ཡཤི་གུ་རུང་དེ་ འབྲུག་པའི་དོན་ཧིང་མཁས་མཆོག་འགོ་དང་པ་ འབྲུག་པའི་གསོ་བའི་འཕྲོད་བསྟེན་ ལམ་ལུགས་ནང་ ཕན་འདེབས་འབད་མིའི་ ངོས་འཛིན་ལུ་ རྟགས་མ་གནང་ཡོདཔ་ཨིན་པས།
དམག་སྲིད་སི་སི་ཆེ་རི་གིས་ ཁྲིམས་བསྟར་སྤྱོད་དང་ རྐྱེན་ངན་འཛིན་སྐྱོང་ དེ་ལས་ འཛམ་གླིང་ཞི་བདེ་གི་ ཞབས་ཏོག་ཚུ་ལུ་ མིག་དཔེ་བཟང་པོ་བཏོན་ཡོད་མི་ལུ་ ངོས་འཛིན་འབད་ཡོདཔ་ཨིན་པས།
མདོ་ཆེན་བཀྲིས་དཔལ་འབྱོར་གྱིས་ འབྲུག་ལུ་ ཁྲོམ་ཚོགས་འཆར་གཞི་དང་ གཞི་རྟེན་གོང་འཕེལ་གཏང་ནི་ལུ་ དྲག་ཤོས་ཅན་ཅིག་སྦེ་ ལྷན་ཐབས་འབད་མི་ལུ་ ངོས་འཛིན་འབད་ཡོདཔ་ཨིན་པས།
གཞི་རྟེན་ལས་ཁུངས་ཀྱི་ མདོ་ཆེན་ཅིག་འབདཝ་ལས་ དགེ་ལེགས་ཕུག་དྲན་ཤེས་ཁྲོམ་ཚོགས་དང་ ཐིམ་ཕུག་གི་ གཞི་རྟེག་འཆར་གཞི་བརྩིས་ཏེ་ གཞི་སྒྱུར་ལས་འགུལ་ མང་རབས་ཅིག་ འགོ་ཁྲིདཔ་འབདཝ་ཨིན་པས།
ཨི་སུ་ཕ་ལེ་ ཨ་བཱསི་གིས་ ཀོ་བིཌ་-༡༩ ཐོན་པའི་སྐབས་ འབྲུག་མི་ཚུ་ རྒྱལ་ཁབ་ནང་ ལོག་འོང་ནི་ལུ་ རྒྱབ་སྐྱོར་དང་ ལྷན་ཐབས་གྲ་སྒྲིག་དང་ ཁོ་ར་གིས་ ཟད་འགྲོ་ཚུ་བཏང་ཐོག་ལས་ རྒྱལ་ཡོངས་དུས་ཆེན་བརྩི་སྲུང་ཞུ་བའི་ ངོས་འཛིན་འབད་ཡོདཔ་ཨིན་པས།
ལཱན་པེ་ཊིཐ་ཊའི་ལུ་ འགྲེམས་སྟོན་དང་ ཤེས་རིག་གི་གོ་སྐབས་བཟོ་མི་ དེ་ལས་ ཨིསི་པེན་ལུ་ འབྲུག་མི་ལུ་ སྤྲོ་བ་བསྐྱེད་བཅུག་སྟེ་ འབྲུག་གོང་འཕེལ་གཏང་མི་ལུ མི་དབང་མཆོག་གིས་ ངོས་འཛིན་གྱི་ གསེར་གྱི་རྟགས་མ་གནང་ཡི།
ཀོར་ནི་ལིསི་ ཀི་ལི་ཡན་གྱིས་ འབྲུག་དང་ ནི་དར་ལེནཌ་མཐུན་ལམ་སྒྲིང་སྒྲི་དང་ འབྲུག་མི་སློབ་ཕྲུག་ཚུ་ལུ་རྒྱབ་སྐྱོར་ དེ་ལས་ གཙུག་སྡེ་ཚུ་གི་བར་ན་ མཉམ་འབྲེལ་ལྷན་ཐབས་འབད་མི་ལུ་ ངོས་འཛིན་འབད་ཡོདཔ་ཨིན་པས།
ཨི་ཅི་རོ་ས་ཝའི་གིས་ ཤེས་རིག་རྩོལ་སྒྲུབ་དང་ ཆེ་མཐོའི་ལྟ་སྐོར་ དེ་ལས་ སོ་ནམ་དང་ སྒོ་ནོར་མདུན་སྐྱོད་འབད་ནི་ནང་ རྒྱབ་སྐྱོར་ཐོག་ལས་ འབྲུག་དང་ རྒྱ་པཱན་མཐུན་འབྲེལ་ ཡར་དྲག་བཏང་མི་ལུ་ ངོས་འཛིན་འབད་ཡོདཔ་ཨིན་པས།
དངུལ་གྱི་རྟགས་མ་ ཐོབ་མི་ཚུ་ཡང་ ཤྲིལངྐ་ སྤྱི་ཁྱབ་ སར་ཇཱོན་ ཀོ་ཏི་ལ་ཝ་ལ་ཌི་ཕེནསི་གཙུག་ལག་སློབ་སྡེ་ལས་ རྟགས་མ་༩ ཐོབ་མི་ ཌོག་ཊར་བདེ་ཆེན་དབང་མོ་དང་ སྤ་རོ་རྐང་རྩེད་སྡེ་ཚན་གྱི་གཙོ་འཛིན་ ཀརྨ་འཇིགས་མེད་ ཞི་གཡོགཔ་ རྣམ་རྒྱལ་དབང་ཕྱུག་ སྙན་ཆས་བཟོ་སྐྲུན་དང་ ཨེམ་ཨིསི་ཊི་ཌོ་འོ་གི་ཇོ་བདག་ ཆོས་དབྱིངས་རྒྱ་མཚོ་ གློག་བརྙན་བཟོ་མི་ ཅཱར་མི་ཆོས་གྲགས་ ཐའི་ལེནཌ་ལས་ ཞབས་ཁྲ་དང་ ལིའུ་བཟོ་མི་ ཨོ་རོ་ཝི་ ཊཌ་ཏི་ཡང་ དེ་ལས་ སྐྱ་བཏོག་མི་ ཨོ་རྒྱན་ལྡི་པག་དང་ ནང་སྲིད་ལྷན་ཁག་ལས་ བཀྲིས་ལྷན་གྲུབ་ཚུ་ཨིན་པས།
ཌོག་ཊར་བདེ་ཆེན་དབང་མོ་གིས་ གཞན་དང་མ་འདྲཝ་སྦེ་ གྲུབ་འབྲས་དྲག་ཤོས་ཐོན་མི་ལུ་ ངོས་འཛིན་འབད་ཡོདཔ་ཨིན་པས།
ཀརྨ་འཇིགས་མེད་ཀྱིས་ ཚོང་ལས་གཞི་བཙུགས་དང་ ཉམས་སྲུང་ དེ་ལས་ འབྲུག་རྒྱལ་ཁབ་ནང་ རྐང་རྩེད་གོང་འཕེལ་གཏང་ནི་ལུ་ ཕན་འདེབས་འབད་མི་ལུ་ མི་མཆོག་གིས་ ངོས་འཛིན་གྱི་ དངུལ་གྱི་རྟགས་མ་གནང་ཡི།
དེ་ལས་ རྣམ་རྒྱལ་དབང་ཕྱུག་གིས་ ཕྱགས་སྙིགས་འཛིན་སྐྱོང་དང་ རང་བཞིན་གནས་སྟངས་ཀྱི་སྐོར་ལས་ གོ་བ་བརྡ་སྤྲོད་འབད་མི་དང་ ཆོས་དབྱིངས་རྒྱ་མཚོ་ལུ་ འབྲུག་པའི་ སྙན་ཆ་དང་ ལམ་སྲོལ་ལུ་ གཞི་སྒྱུར་གྱི་ ལྷན་ཐབས་འབད་མི་ལུ་ ངོས་འཛིན་འབད་ཡོདཔ་ཨིན་པས།
ཅཱར་མི་ཆོས་གྲགས་དེ་ འཁྲབ་སྲུང་བྲིས་མི་དང་ ལིའུ་བཟོ་མི་ དེ་ལས་ གསར་གཏོད་མདོ་ཆེན་ཅིག་འབདཝ་ལས་ འབྲུག་པའི་ཞབས་ཁྲ་དང་ ལམ་སྲོལ་གནས་སྟངས་ལུ་ ཕན་འདེབས་འབད་མི་ལུ་ ངོས་འཛིན་འབད་ཡོདཔ་ཨིན་པས།
ཨོ་རོ་ཝི་ ཊཌ་ཏི་གིས་ ཁས་བླངས་ཐོག་གི་ ཞབས་ཁྲ་གྲོས་འཛོམས་དང་ རྒྱལ་ཡོངས་ཞབས་ཁྲ་རྐྱབ་མི་ཚུ་ལུ་ ལིའུ་བཟོ་ནི་བཏོན་བྱིན་མི་ འབྲུག་དང་ ཐའི་ལེནཌ་བར་ན་ ལམ་སྲོལ་བརྗེ་སོར་འབད་མི་ལུ་ ངོས་འཛིན་འབད་ཡོདཔ་ཨིན་པས།
ཨོ་རྒྱན་དཱི་པག་ལུ་ སྐྱ་བཏོག་ནི་ རིག་རྩལ་དང་ སློབ་སྟོན་པ་འབད་མི་ལུ་ ངོས་འཛིན་འབད་ཡོདཔ་ད་ བཀྲིས་ལྷུན་གྲུབ་ཀྱིས་ ལྡེབས་རིས་ཉམས་སྲུང་དང་ འབྲུག་པའི་བྱིན་རླབས་ཅན་གྱི་གནས་ཚུ་ བསྐྱར་གསོ་འབད་བའི་ ངོས་འཛིན་ལུ་ ངལ་རངས་དང་བཅས་པའི་སྒོ་ལས་ འབྲུག་རྒྱལ་པོའི་ཞབས་ལས་ དངུལ་གྱི་རྟགས་མ་ གནང་ཡོད་པའི་གནས་ཚུལ།
ཨོ་རྒྱན་རྡོ་རྗེ།