༉ སྤྱི་ཟླ་༡༢ པའི་ཚེས་༡༡ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ སྤྱི་ཚོགས་༤ པའི་ཚོགས་ཐེངས་༢ པ་ མཇུག་བསྡུའི་རྟེན་འབྲེལ་ནང་ དབུ་བཞུགས་མཛད་གནང་ཡི།
ཚོགས་དཔོན་དང་ རྒྱལ་ཡོངས་ཚོགས་སྡེའི་ཁྲི་འཛིན་ བློན་ཆེན་ དེ་ལས་ ལྡོག་ཕྱོགས་འགོ་ཁྲིདཔ་ཚུ་གིས་ མི་དབང་མཆོག་ལུ་ གུས་བཏུད་དང་བཅས་པའི་སྒོ་ལས་ བཀྲིན་དགའ་ཚོར་ཡོད་ལུགས་ཚུ་ཕུལ་ཡི།
མཇུག་བསྡུའི་ལས་རིམ་ནང་ སྐུ་འཁོར་དང་ ཕྱི་རྒྱལ་གྱི་སྐུ་མགྲོན་དང་ གཞུང་གི་ཆེ་མཐོའི་དཔོན་ཁག་ཚུ་གིས་ཡང་ བཅའ་མར་གཏོགས་གནང་ཡི།
ཚོགས་དཔོན་ལུང་བསྟན་རྡོ་རྗེ་གིས་ དགེ་ལེགས་ཕུག་ལུ་ མི་དབང་མངའ་བདག་རྒྱལ་པོའི་ ལས་འགུལ་གཙོ་ཅན་ ལེ་ཤ་ཡོད་པའི་ནང་ལས་ ཆོས་ཕྱོགས་དང་འབྲེལ་བའི་ལས་འགུལ་ རྫོང་གཞི་དང་ ལྷ་ཁང་ མཆོད་རྟེན་དང་ གནས་ཁང་ལ་སོགས་པ་ཚུ་བཞེངས་ནིའི་ ས་བསླང་རྟེན་འབྲེལ་མཛད་གནང་མི་དེ་གིས་ དཔལ་ལྡན་འབྲུག་པའི་ བཀའ་སྲུང་དང་ ཆོས་སྐྱོང་སྲུང་མ་ཚུ་ ཐུགས་དགྱེས་པའི་ མཐུ་དང་ནུས་པ་དང་ སྡོང་གྲོགས་དེ་ཚུ་ ཕུལ་དོ་ཟེར་ཞུ་ཡི།
ལྷག་པར་དུ་ མི་དབང་མཆོག་ སྐུ་འོ་བརྒྱལ་བ་ལུ་མ་གཟིགས་པར་ ནེ་པཱལ་ལུ་བྱོན་ཏེ་ འཕགས་པ་ཞིང་ཀུན་དང་ བྱ་རུང་ཁ་ཤོར་མཆོད་རྟེན་མཇལ་ མཆོད་མེ་ཕུལ་ཞིནམ་ལས་ ཐུགས་སྨོན་ཚུ་ཞུ་སྟེ་ བསྣམས་བྱོན་མི་དེ་གིས་ དགེ་ལེགས་ཕུག་ལུ་ བཞེངས་གནང་ནི་ཨིན་པའི་ བྱ་རུང་ཁ་ཤོར་མཆོད་རྟེན་དང་ གཞན་ཡང་ མི་དབང་མཆོག་གི་ ཐུགས་ཀྱི་དགོངས་བཞེད་ལྟར་དུ་ བར་ཆད་མེད་པར་ དོན་འགྲུབ་ཚུགས་པའི་རེ་བ་དང་ སྨོན་ལམ་ སྤྱི་ཚོགས་ཀྱི་ཧོངས་ལས་ ཕུལཝ་ཨིན་ཟེར་ ཚོགས་དཔོན་གྱིས་ཞུ་ཡི།
མི་དབང་མཆོག་གིས་ ད་ལྟོ་དང་ མ་འོངས་ཕུགས་ཀྱི་བཙན་ཐབས་ལུ་ འབྲུག་པའི་ན་གཞོན་ཚུ་ ལྕོགས་གྲུབ་ཅན་དང་ འཇོན་ཐངས་ཅན་ རང་གི་རྐང་པར་ རང་ལོང་སྡོད་ཚུགསཔ་བཟོ་སྟེ་ འབྲུག་གི་རྩ་བ་གསུམ་ལུ་ ཐ་དམ་ཚིག་དང་ ལས་རྒྱུ་འབྲས་ཐོག་ལས་ ཕྱག་ཕྱིད་ཞུ་ཚུགསཔ་བཟོ་ནིའི་ ཐུགས་བཞེད་གནང་མི་ལུ་བརྟེན་ དུས་ཅི་ སྤྱི་ཟླ་༩ པའི་ཚེས་༥ ལས་ རྒྱལ་སྲུང་གི་སྦྱོང་བརྡར་ ཟླ་ངོ་གསུམ་འབད་མི་དེ་ སྦྱོང་བརྡར་ལྟེ་བ་ཁག་༤ ནང་ དུས་མཉམ་སྦེ་ འགོ་བཙུགས་གནང་མིའི་ ཤོ་ཐེངས་དང་པའི་ སྦྱོང་བརྡར་དེ་ སྤྱི་ཟླ་༡༢ པའི་ཚེས་༣ ལུ་ ན་གཞོན་༢༠༠༡ གིས་ རུ་སྒྲིག་འགྲེམས་སྟོན་ཐོག་ལས་ མཐར་འཁྱོལ་ཅན་སྦེ་ མཇུག་བསྡུ་མི་ལུ་ དགའ་ཚོར་ཡོད་ལུགས་ཚུ་ ཚོགས་དཔོན་གྱིས་ཞུ་ཡི།
ཚོགས་དཔོན་གྱིས་ རྒྱལ་སྲུང་མཇུག་བསྡུ་མི་ན་གཞོན་ཚུ་ ཁོང་རང་ལུ་ དགོས་མཁོ་ཆེ་བའི་ ཀུན་ཚང་ཡོན་ཏན་ཐོབ་མི་དང་གཅིག་ཁར་ ན་གཞོན་ཚུ་གིས་ ད་ལས་ཕར་ ཕྱིག་ཕྱིད་ཞུ་ནི་ལུ་ བློ་གཏད་དང་ བློ་སྟོབས་སྦོམ་སྦེ་ར་ཐོབ་སྟེ་ ཁོང་རང་གིས་ ཁོང་ར་ལུ་བལྟ་སྟེ་ དཔའ་ཉམས་དང་ཚོར་སྣང་ཡང་ མ་འདྲཝ་སྦེ་ར་ བྱུང་སྟེ་འདུག་ཟེར་ཞུ་ཡི།
རྒྱལ་སྲུང་མཐར་འཁྱོལ་མཛད་སྒོའི་ནང་ མི་དབང་ཞབས་ལས་ རྒྱལ་སྲུང་གི་ལས་རིམ་དེ་ རྒྱལ་རབས་ཅན་གྱི་ གྲུབ་འབྲས་ སྦོམ་ཤོས་ཅིག་ཨིན་པའི་ བཀའ་སློབ་གནང་མི་དེ་ལུ་ སྦྱོང་བརྡར་འབད་མི་ ན་གཞོན་ཚུ་དང་ མཛད་སྒོ་མངོན་སུམ་མཇལ་མི་ དེ་ལས་ རྒྱང་མཐོང་ཐོག་ལས་མཇལ་མི་ འབྲུག་པའི་མི་སེར་ཚུ་ གསུང་བཤད་ཀྱི་ བཅུད་དོན་གྱིས་ སེམས་འཁྲུལ་ལྷང་ལྷང་སྦེ་ བཟོ་ཡོདཔ་མ་ཚད་ ཡིད་ཆེས་བསྐྱེད་པའི་ཁར་ ངལ་རངས་ཀྱི་ ཚོར་སྣང་དེ་ཚུ་ སྤྱི་དང་མ་འདྲཝ་སྦེ་ བྱུང་ནུག་ཟེར་ཞུ་ཡི།
ད་རེས་ རྒྱལ་སྲུང་ཤོ་ཐེངས་དང་པའི་ནང་ ན་གཞོན་༢༠༠༡ གིས་ མཐར་འཁྱོལ་ཡོདཔ་ད་ ཤུལ་ལས་ མི་དབང་མཆོག་གིས་ སྦྱོང་བརྡར་གྱི་དུས་ཡུན་ ཡར་སེང་དང་ ན་གཞོན་ཚུ་ཡང་ དེ་བ་མངམ་སྦེ་ བཙུགས་ནིའི་ ཐུགས་བཞེད་གནང་མི་དེ་གིས་ ང་བཅས་འབྲུག་པའི་ན་གཞོན་ཆ་ཁྱབ་ ག་ཅི་དེ་ སྐལ་བ་བཟང་བའི་ཁར་ ན་གཞོན་ཚུ་ལུ་ ཕན་ཐོགས་ཡང་ སྦོམ་སྦེ་ར་འབྱུང་འོང་ཟེར་ ཚོགས་དཔོན་གྱིས་ཞུ་ཡི།
ཚོགས་དཔོན་གྱིས་ སྐྱབས་རྗེ་མཆོག་གིས་དབུ་གཙོས་པའི་ བླ་སློབ་མཁན་སྤྲུལ་ཡོངས་དང་ གྲྭ་ཚང་དང་ ཆོས་སྡེ་ དགོན་སྡེ་ཁག་ནང་བཞུགས་མི་ བླ་སློབ་དང་ ཆོས་འཛིན་པ་ཚུ་གིས་ རྒྱལ་ཁབ་ནང་ དགའ་སྐྱིད་ཞི་བདེ་འབྱུང་ནི་དང་ ནད་ཡམས་མུ་གེ་ལ་སོགས་པ་ཚུ་ མི་འབྱུང་ནིའི་དོན་ལུ་ བཟློག་ཐབས་སྐུ་རིམ་དང་ རིམ་གྲོ་ཚུ་ རྒྱུན་ཆད་མེད་པར་གནང་མི་ལུ་ བཀྲིན་དགའ་ཚོར་ཕུལ་ཡི།
མི་དབང་མཆོག་གིས་ མི་རྩིས་མེད་མི་ཚུ་ལུ་ མི་རྩིས་ཀྱི་སྐྱིད་སྡུག་དང་ ས་ཆ་ མི་སེར་ཉམས་ཆུང་གི་ ན་གཞོན་ཚུ་ལུ་ རྒྱལ་པོའི་ལྟོ་གཟན་ སློབ་གཉེར་གྱི་སྐྱིད་སྡུག་ མཐའ་ཟུར་གྱི་ གནོདཔ་དང་རྒན་རྒས་ཚུ་ལུ་གསོ་བའི་སྐྱིད་སྡུག་ སྒེར་སྡེ་དང་ ཚོང་པ་ཚུ་ལུ་ སྐྱིན་འགྲུལ་གྱི་ སྐྱིད་སྡུག་ལ་སོགས་པ་གནང་མི་ལུ་ བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱིས་ བཀྲིན་དགའ་ཚུར་ཡོད་ལུགས་ཕུལ་ཡི།
བློན་ཆེན་གྱིས་ འབྲུག་མི་ཚུ་གིས་མ་ཚད་པར་ རྒྱལ་སྤྱི་མི་སེར་ཚུ་ཡང་ མི་དབང་མཆོག་གི་ མཛད་བྱ་དང་ མཛད་ཤུལ་ཚུ་མཇལཝ་ད་ ཡ་མཚན་ཆེ་སྟེ་ དུས་དེབ་ཅིག་ནང་ མི་དབང་མཆོག་ འཛམ་གླིང་ནང་ དབུ་ཁྲིདཔ་དྲག་ཤོས་སྦེ་ ངོས་འཛིན་འབད་དེ་འདུག་ཟེར་ཞུ་ཡི།
མི་དབང་མཆོག་གིས་ འཕྲལ་ཕུགས་༢ ལུ་ ཕན་ཐོགས་པའི་ལས་རིམ་ རྒྱལ་སྲུང་འགོ་བཙུགས་གནང་མི་ལུ་ དད་དམ་ལྷད་མེད་སྒོ་ལས་ བཀྲིན་དགའ་ཚོར་ཕུལ་བའི་ཁར་ ལས་རིམ་དེ་བཟུམ་ གཞི་བཙུགས་གནང་མི་དེ་ མི་དབང་མཆོག་གི་ སྐུ་ཉག་ཅིག་གིས་ བཀྲིན་ཨིན་ཟེར་ བློན་ཆེན་གྱིས་ཞུ་ཡི།
རྒྱལ་སྲུང་སྦྱོང་བརྡར་མཐར་འཁྱོལ་མི་ ན་གཞོན་ཚུ་གིས་ རྒྱལ་ཁབ་ལུ་ ཕན་སྦོམ་སྦེ་ར་ ཐོགས་ཚུགས་ནི་དང་ ད་ལས་ཕར་ སྐྱེས་ལོ་༡༨ ལང་མི་ ན་གཞོན་ཚུ་ལུ་ རྒྱལ་སྲུང་སྦྱོང་བརྡར་ནང་ བཅའ་མར་གཏོགས་ནིའི་ གོ་སྐབས་འཐོབ་ནི་ཨིནམ་ལས་ མ་འོངས་པའི་ནང་ རྒྱལ་ཁབ་དང་ མི་སེར་ལུ་ ལྷག་པར་དུ་ ཕན་ཐོགས་འབྱུང་ནི་མས་ཟེར་ཨིན་པས།
དེ་བཟུམ་སྦེ་ ན་གཞོན་ཚུ་གིས་ དགེ་ལེགས་ཕུག་དྲན་ཤེས་ཁྲོམ་ཚོགས་ཀྱི་དོན་ལུ་ཡང་ ཁེ་ཕན་འབྱུང་ནི་དང་ མི་དབང་མཆོག་གི་ ཐུགས་ཀྱི་དགོངས་བཞེད་ལས་འཁྲུངས་པའི་ དགེ་ལེགས་ཕུག་དྲན་ཤེས་ཁྲོམ་ཚོགས་ཀྱིས་ འཕྲལ་ཕུགས་༢ དང་ མ་འོངས་མི་རབས་བརྒྱུད་དེ་ རྒྱལ་ཁབ་ཀྱི་ རང་དབང་སྲུང་སྐྱོབ་ མི་སྡེ་དཔལ་འབྱོར་གོང་འཕེལ་ལ་སོགས་པ་ཚུ་ལུ་ ཁེ་ཕན་འབྱུང་ཚུགས་ནི་ཨིནམ་ལས་ དེ་ལུ་ བློན་ཆེན་གྱིས་ མི་དབང་མཆོག་ལུ་ བཀྲིན་དགའ་ཚོར་ཡོད་ལུགས་ཞུ་ཡི།
མི་མཆོག་གིས་ རྒྱལ་ཁབ་ནང་ མི་སེར་གྱི་ འཕྲལ་ཕུགས་༢ ཀྱི་ བཙན་ཐབས་ལུ་དམིགས་ཏེ་ ཉིན་མཚན་མེད་པར་ ཕྱི་རྒྱལ་དང་ནང་འཁོད་ལུ་ ཆིབས་སྐྱོད་གནང་སྟེ་ མི་སེར་རེ་རེ་བཞིན་དུ་གི་ སྐྱིད་སྡུག་དང་ དཀའ་ངལ་ཚུ་ ཕྱིའི་མཛད་པ་སྤྱན་གྱིས་གཟིགས་ ནང་བྱམས་པའི་ཐུགས་ཀྱིས་སྐྱོང་སྟེ་ མང་འོངས་འབྲུག་རྒྱལ་ཁབ་འདི་ གོམས་པ་མདུན་དུ་སྤོ་སྟེ་ འཛམ་གླིང་ནང་ རྒྱལ་ཁབ་ཆེ་འབྲིང་ཆུང་གསུམ་ག་རའི་ནང་ དུས་ཀྱི་འགྱུར་བ་བསྟུན་པའི་ དཔལ་འབྱོར་གྱི་ གཞི་སྒྱུར་མ་འདྲཝ་ཐོག་ལས་ རྒྱལ་ཁབ་གོང་འཕེལ་དང་ མི་སེར་གྱི་གནས་སྟངས་ཡང་ མ་འདྲཝ་སྦེ་འགྱོཝ་ད་ལུ་ མི་དབང་མཆོག་གིས་ ལོ་༡ གི་ཧེ་མར་ དགེ་ལེགས་ཕུག་ཁྲོམ་གསརཔ་ གཞི་བཙུགས་གནང་ནིའི་སྐོར་ལས་ རྒྱལ་ཡོངས་ལུ་ གསུང་བཤད་གནང་མི་གིས་ འབྲུག་པའི་མི་སེར་ཡོངས་ཀྱི་སེམས་ལུ་དགའ་བ་ཚད་མེད་བྱུང་ཡི་ཟེར་ རྒྱལ་ཡོངས་ཚོགས་སྡེའི་ཁྲི་འཛིན་ སངས་རྒྱས་རྡོ་རྗེ་གིས་ཞུ་ཡི།
སྤ་རོ་ལུ་ འབྲུག་གསར་བཏོད་ཀྱི་ གྲོས་འཛོམས་འགོ་འདྲེན་འཐབ་སར་ རྒྱལ་ཁབ་གཞན་གྱི་ དཔལ་འབྱོར་དང་ ཚན་རིག་མཁས་མཆོག་དང་ ཚོང་དང་བཟོ་གྲྭའི་མཁས་མཆོག་ཚུ་ གདན་འདྲེན་ཞུ་སྟེ་ དམིགས་བསལ་དུ་ དགེ་ལེགས་ཕུག་ལུང་ཕྱོགས་ཀྱི་སྐོར་ལས་ ཤེས་རབ་ཅན་གྱི་ ཐབས་ཤེས་དང་རིག་པ་ སྤེལ་གནང་པའི་ཁར་ མི་དབང་མཆོག་གིས་ གྲོས་འཛོམས་ནང་ སྐུ་དངོས་སུ་སྦེ་ ཞབས་ཀྱིས་བཅགས་གནང་མི་ལུ་ ཁྲི་འཛིན་སངས་རྒྱས་རྡོ་རྗེ་གིས་ བཀྲིན་དགའ་ཚོར་ཡོད་ལུགས་ཞུ་ཡི།
ལྡོག་ཕྱོགས་འགོ་ཁྲིདཔ་ པདྨ་ཚེ་དབང་གིས་ སྤྱི་ལོ་༢༠༢༣ ཟླ་༡༡ པའི་ནང་ མི་དབང་མཆོག་གིས་ བཀའ་སློབ་གནང་མི་དང་བསྟུན་ རྒྱ་གར་དང་ འབྲུག་གཞུང་༢ ཧེ་མ་ལས་ དམ་ཟབ་ཅན་གྱི་ མཐུན་ལམ་ལུ་ གཙོ་རིམ་བཟུང་སྟེ་ བསམ་གྲུབ་ལྗོངས་མཁར་ཁྲོམ་གྱི་ཉེ་འདབས་ རྒྱ་གར་གྱི་ས་མཚམས་ དཱ་རང་ག་ལུ་ གཅིག་སྒྲིལ་སྒོ་ར་གསརཔ་ཅིག་ འགོ་འབྱེད་གནང་མི་དེ་གིས་ སྤྱིར་བཏང་འབྲུག་དང་ ཤར་ཕྱོགས་ལུང་ཕྱོགས་ མི་སེར་ཚུ་གི་ ཚོང་འབྲེལ་གོང་འཕེལ་དང་ དཔལ་འབྱོར་གནས་སྟངས་ ལྟ་བཤལ་གོང་འཕེལ་གཏང་ནི་ལུ་ ཁེ་ཕན་འབྱུང་ནི་ཨིནམ་ལས་ བཀྲིན་དགའ་ཚོར་ཞུ་ཡི།
ཚོགས་བཞུགས་སྐབས་ གལ་གནད་ཅན་གྱི་དཔྱད་ཡིག་ ནོར་ཁྲལ་དགོངས་ཡངས་དང་ རྒྱལ་ཡོངས་ཚོགས་འདུའི་འཕྲི་སྣོན་དཔྱད་ཡིག་ འབྲུག་གི་གཉེན་འབྲེལ་འཕྲི་སྣོན་དཔྱད་ཡིག་ དེ་ལས་ འབྲུག་གི་ཚོགས་ཀྱི་འཐུས་མིའི་ཐོབ་ལམ་དཔྱད་ཡིག་གུ་ གསུང་གྲོས་གནང་ཡོདཔ་ཨིན་པས།
ངན་ལྷན་བཀག་སྡོམ་ལྷན་ཚོགས་ཀྱི་ སྤྱི་ལོ་༢༠༢༣ དང་༢༠༢༤ འི་ ལོ་བསྟར་སྙན་ཞུ་དང་ གྲོས་དོན་ཁག་༤ དེ་ལས་ ཚོགས་ཐེངས་དང་པའི་ གྲོས་ཆོད་དང་ལེན་གྱི་སྙན་ཞུ་ཁག་༥ གུ་ གསུང་གྲོས་གནང་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

Advertisement