༉ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ སྤྱི་ཟླ་༡༠ པའི་ཚེས་༡༠ ལས་༡༨ ཀྱི་བར་ན་ ཨཱསི་ཊེ་ལི་ཡ་ལུ་ གཟིགས་སྐོར་གནང་ནི་ཨིན་པས།
གཟིགས་སྐོར་གནང་པའི་སྐབས་ མི་དབང་མཆོག་གིས་ ཨཱསི་ཊེ་ལི་ཡ་གཞུང་དང་ ཚོང་འབྲེལ་འགོ་ཁྲིདཔ་ དེ་ལས་ ཨཱསི་ཊེ་ལི་ཡ་ལུ་སྡོད་མི་ འབྲུག་མི་ཚུ་དང་གཅིག་ཁར་ མཇལ་ཕྲད་གནང་ནི་ཨིན་པས།
འབྲུག་དང་ ཨཱསི་ཊེ་ལི་ཡ་གིས་ སྤྱི་ལོ་༡༩༦༠ རེ་གྲངས་ཀྱི་ སྔ་ཆ་ལས་ར་ མཐུན་ལམ་དམ་ཐོག་ལུ་ གནས་ཏེ་ཡོདཔ་ད་ དེ་བསྒང་ འབྲུག་གིས་ ཀོ་ལོམ་བོ་འཆར་གཞི་ རྒྱལ་སྤྱིའི་ལས་ཚོགས་ནང་ འགོ་ཐོག་འཐུས་མི་སྦེ་ འཛུལ་ཞུགས་འབད་བའི་སྐབས་ལུ་ ཨཱསི་ཊེ་ལི་ཡ་གིས་ ཆ་རོགས་འབད་ཡོདཔ་མ་ཚད་ འབྲུག་གིས་ འཛམ་གླིང་སྤྱི་ཚོགས་ནང་ འཐུས་མི་སྦེ་ འཛུལ་ཞུགས་འབདཝ་ད་ཡང་ རྒྱབ་སྐྱོར་འབད་ཡོདཔ་ཨིན་པས།
ཤེས་རིག་དང་ མི་སེར་གཉིས་ཆ་རའི་ མཐུན་ལམ་སྒྲིང་སྒྲི་ཡོད་མི་དེ་གིས་ རྒྱལ་ཁབ་༢ ཀྱི་བར་ན་ མཉམ་འབྲེལ་ཡར་དྲག་འགྱོ་བའི་བསྒང་ཡོདཔ་ད་ ད་རེས་ནངས་པར་ ཕྱི་རྒྱལ་ལུ་ འབྲུག་གི་མི་སྡེ་སྦོམ་ཤོས་ར་ ཨཱསི་ཊེ་ལི་ཡ་ལུ་ སྡོད་དོ་ཡོདཔ་ཨིན་པས།
མི་དབང་མཆོག་གིས་ འབྲུག་མི་ཚུ་དང་ མཇལ་ཕྲད་གནང་ནིའི་དོན་ལུ་ སྤྱི་ཟླ་༡༠ པའི་ཚེས་༡༢ ལུ་ སིཌ་ནི་དང་ སྤྱི་ཟླ་༡༠ པའི་ཚེས་༡༣ ལུ་ ཀེན་བེ་ར་ དེ་ལས་ སྤྱི་ཟླ་༡༠ པའི་ཚེས་༡༦ ལུ་ པརཐི་ལུ་ གཟིགས་སྐོར་གནང་ནི་ཨིན་པས།
ཨཱསི་ཊེ་ལི་ཡ་ལུ་སྡོད་མི་ འབྲུག་མི་ཚུ་གིས་ མི་དབང་མཆོག་དང་ མཇལ་ཕྲད་ཞུ་ནིའི་དོན་ལུ་ གོང་གི་ཚེས་གྲངས་ཁར་ ཉེ་འདབས་ཀྱི་ ཁྲོམ་སྡེ་ཚུ་ནང་ མགྱོནམ་སྦེ་འབོ་ཡོདཔ་ད་ དུས་ཚོད་དང་ ས་གནས་ཀྱི་ཁ་གསལ་ཚུ་ ཀེན་བེ་ར་ལུ་ཡོད་མི་ འབྲུག་གི་གཞུང་ཚབ་ལས་ཁང་གིས་ དུས་ཚོད་ཁར་ གསལ་བསྒྲགས་འབད་ནི་ཨིན་པས།
མི་དབང་མཆོག་གི་ གཟིགས་སྐོར་གྱིས་ ཨཱསི་ཊེ་ལི་ཡ་ལུ་སྡོད་མི་ འབྲུག་མི་ཚུ་བརྩིས་ཏེ་ ཕྱིའི་རྒྱལ་ཁབ་ཚུ་ནང་སྡོད་མི་ཚུ་ལུ་ བདག་འཛིན་དང་ ཚ་གྱང་སྦོམ་བཞེས་པའི་ བརྡ་མཚོན་ཨིནམ་ད་ འདི་འབདཝ་ལས་ མི་དབང་མཆོག་གི་ གཟིགས་སྐོར་སྐབས་ མཇལ་ཕྲད་ནང་ གྲལ་གཏོགས་འབད་ནིའི་ དང་འདོད་ཡོད་མི་ འབྲུག་མི་ཆ་མཉམ་ལུ་ གོ་སྐབས་བྱིན་ནི་དེ་ གཙོ་རིམ་ཅན་ཅིག་ཨིན་མས།
མི་དབང་མཆོག་དང་ མཇལ་ཕྲད་ཞུ་མི་ཚུ་གི་ ཐོ་བཀོད་དོན་ལུ་ བྷུ་ཊཱན་ཨེཔ་ ལག་ལེན་འཐབ་ནི་ཨིནམ་ད་ གྲལ་གཏོགས་འབད་མི་ཚུ་ལུ་ ཐོ་བཀོད་འབད་ནིའི་དོན་ལས་ ཡོངས་འབྲེལ་ལག་ལེན་འདི་ ཕབ་ལེན་འབད་དེ་ ནང་སྐྱོད་འབད་དགོ་པའི་ ཞུ་བ་འབད་དེ་ཡོདཔ་ད་ དེ་ཡང་ འཕྲལ་མགྱོགས་ར་ སྒོ་ཕྱེ་ནི་ཨིན་པས།
ག་དེམ་ཅིག་སྦེ་ བྷུ་ཊཱན་ཨེཔ་ ལག་ལེན་འཐབ་ནིའི་དོན་ལུ་ གྲོགས་རམ་དགོ་པ་ཅིན་ help@bhutanapp.bt ལུ་ གློག་འཕྲིན་གཏང་དགོ་པའི་ཁར་ ཁྱོད་ཀྱིས་ ཀེན་བེ་ར་ལུ་ཡོད་མི་ འབྲུག་གི་གཞུང་ཚབ་ལས་ཁང་ལུ་ བརྒྱུད་འཕྲིན་ཨང་༠༢ ༥༡༡༢༢༢༩༣ ཡང་ན་ rbecanberra@mfa.gov.bt ལུ་ འབྲེལ་བ་འཐབ་ཚུགས་ནི་ཨིན་པའི་གནས་ཚུལ།
བཙན་སྐྱོགས་དབང་འདུས།