༉ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ སྤྱི་ཟླ་༡༠ པའི་ཚེས་༡༠ ལས་༡༨ ཚུན་ ཨཱསི་ཊེ་ལི་ཡ་ལུ་ འགོ་དང་པ་ གཟིགས་སྐོར་གནང་མི་དེ་ འབྲུག་དང་ ཨཱསི་ཊེ་ལི་ཡ་གི་ མཐུན་འབྲེལ་ནང་ སོར་སྒྱུར་དུས་སྐབས་ཅིག་ཨིན་པའི་ མངོན་གསལ་བྱུང་ཡོདཔ་ད་ སིཌ་ནི་དང་ ཀེན་བི་ར་ དེ་ལས་ པརཐི་ལས་ མཇལ་ཕྲད་མཇུག་བསྡུ་མི་ རྒྱལ་རབས་ཅན་གྱི་ གཟིགས་སྐོར་དེ་གིས་ དོན་གཅོད་མཐུན་ལམ་རྩ་བརྟན་བཟོ་བ་གིས་མ་ཚད་ འབྲུག་མི་ཚུ་ནང་འཁོད་ལུ་ དཔའ་ཉམས་དང་ སེམས་ཤུགས་བསྐྱེད་པའི་ ཚོར་སྣང་གཏིང་ཟབ་བྱུང་ཡོདཔ་ཨིན་པས།
ཀེན་བི་ར་ལུ་ འབྲུག་གི་གཞུང་ཚབ་ལས་ཁང་གིས་ སྙན་ཞུ་འབད་མི་དང་འཁྲིལཝ་ད་ འབྲུག་མི་༢༦,༠༠༠ དེ་ཅིག་གིས་ མི་དབང་མཆོག་དང་ མཇལ་ཕྲད་ཞུ་ཡོདཔ་བཞིན་དུ་ ས་གནས་རེའི་ནང་ མཇལ་ཁ་ཞུ་མིའི་ཚད་གཞི་དེ་ བརྒྱ་ཆ་༨༠ ལྷག་ཡོདཔ་ཨིན་པས།
འབྲུག་མི་ཚུ་གིས་ མི་དབང་རྒྱལ་བཙུན་མཆོག་དང་ རྒྱལ་སྲས་ དེ་ལས་ རྒྱལ་སྲསམོ་ཚུ་དང་ ཞལ་མཇལ་ཚུགས་མི་དེ་ལུ་ དགའ་སྤྲོ་ཚད་མེད་བྱུང་ཡོདཔ་ད་ མང་ཤོས་ཅིག་གིས་ སྲས་སྲོས་ཚུ་ དངོས་སུ་སྦེ་ ཞལ་མཇལ་ཚུགས་མི་དེ་ འགོ་དང་པ་ཨིན་པས།
གཞུང་ཚབ་ལས་ཁང་གིས་ བཀོད་མིའི་ནང་ མི་དབང་མཆོག་གིས་ ཨཱསི་ཊེ་ལི་ཡ་ལུ་ གཟིགས་སྐོར་གནང་མི་ལུ་བརྟེན་ ཨཱསི་ཊེ་ལི་ཡའི་ མི་ཚུ་གི་སེམས་ཁར་ འབྲུག་ལུ་ སྤྲོ་སྣང་སྦོམ་བྱུང་བཅུགཔ་ལས་ འབྲུག་དང་ ཨཱསི་ཊེ་ལི་ཡ་གི་མཐུན་ལམ་ ལྷག་པར་དུ་ ཡར་དྲག་གཏང་ནི་ལུ་ ཕན་ཁྱད་འབྱུང་ཚུགས་ནི་མས་ཟེར་ཨིན་པས།
དེ་མ་ཚད་ འབྲུག་གི་ ཤེས་རྟོགས་འབྱུང་ནི་དང་ ང་བཅས་རའི་ བརྩི་མཐོང་དང་ ལམ་སྲོལ་དེ་ མི་དབང་མཆོག་གིས་ ཁོ་རའི་ མི་སེར་ཚུ་ལུ་ བཟོད་མ་ཚུགས་པའི་ བྱམས་བརྩེ་བསྐྱེད་མི་དང་ མི་སེར་ཚུ་གིས་ མི་དབང་མཆོག་ལུ་ སེམས་ཀྱི་གདིང་ལས་ར་ དད་དམ་ཚད་མེད་དང་ གུས་ཞབས་འབད་མི་དེ་ ཨཱསི་ཊེ་ལི་ཡ་ལུ་ འབྲུག་གི་ མིང་གཏམ་དང་སྙིང་སྟོབས་ གསལ་སྟོན་འབདཝ་མས་ཟེར་ཨིན་པས།
འདི་བཟུམ་མའི་ སྤྲོ་སྣང་བསྐྱར་གསོ་འབད་མི་དེ་གིས་ ཨཱསི་ཊེ་ལི་ཡ་གཞུང་དང་ སྒེར་སྡེ་ཚུ་གིས་ འབྲུག་དང་གཅིག་ཁར་ མཉམ་འབྲེལ་འབད་ནིའི་ ཐབས་ལམ་ཚུ་ གསར་འཚོལ་འབད་ཚུགས་པའི་ རེ་བ་ཡོདཔ་ད་ དེ་ཡང་ དམིགས་བསལ་དུ་ ཚོང་འབྲེལ་དང་ མ་རྩ་གཞི་བཙུགས་ དེ་ལས་ ལྟ་བཤལ་ནང་ཨིན་པས།
མི་དབང་མཆོག་གིས་ ཨཱསི་ཊེ་ལི་ཡ་གི་ ཡོངས་ཁྱབ་སྤྱི་འཛིན་དང་ བློན་ཆེན་ དེ་ལས་ ནུབ་ཨཱསི་ཊེ་ལི་ཡ་གི་ སྲིད་བློན་བརྩིས་ཏེ་ གོ་གནས་ཅན་ཚུ་དང་གཅིག་ཁར་ གསུང་གྲོས་གནང་མི་དེ་གིས་ ཆེ་རིམ་གནས་ཚད་ནང་ དོན་གཅོད་བར་འབྲེལ་འཐབ་ཡོདཔ་མ་ཚད་ གནད་དོན་སྣ་ཚོགས་ནང་ མཉམ་འབྲེལ་ཡར་དྲག་གཏང་ནིའི་དོན་ལུ་ མདུན་ལམ་འགོ་བཙུགས་ཡོདཔ་ཨིན་པས།
གཟིགས་སྐོར་གྱི་ དམིགས་ཡུལ་ངོ་མ་ཅིག་ དགེ་ལེགས་ཕུག་རང་སྐྱོང་ལུང་ཕྱོགས་ཀྱི་སྐོར་ལས་ཨིནམ་ད་ དེ་གིས་ འབྲུག་མི་ཚུ་ལུ་ དོགས་པ་བསལ་ནི་དང་ མི་དབང་མཆོག་གི་ འཆར་སྣང་ཚུ་ ཤེས་རྟོགས་འབྱུང་ཚུགས་པའི་ གཞི་སྟེགས་ཅིག་ཨིནམ་ད་ མི་དབང་མཆོག་གིས་ དགེ་ལེགས་ཕུག་རང་སྐྱོང་ལུང་ཕྱོགས་ཀྱི་ རྩོལ་སྒྲུབ་དེ་ འབྲུག་མི་ཆ་མཉམ་གྱི་དོན་ལུ་ མ་འོངས་ཉེན་སྲུང་ཅན་བཟོ་ནིའི་ དམིགས་གཏད་བསྐྱེདཔ་ཨིན་ཟེར་ གཙོ་བོར་བཏོན་ཏེ་ གསུངས་ཡོདཔ་ཨིན་པས།
དགེ་ལེགས་ཕུག་རང་སྐྱོང་ལུང་ཕྱོགས་ཀྱི་ སྡེ་ཚན་གྱིས་ བརྡ་དོན་བརྗེ་སོར་འབད་མི་དེ་གིས་ དགེ་ལེགས་ཕུག་རང་སྐྱོང་ལུང་ཕྱོགས་ཀྱི་ གན་ཡིག་ནང་ སྤྲོ་བ་བསྐྱེད་མི་ཐོན་ཡོདཔ་ལས་ ཨཱསི་ཊེ་ལི་ཡ་ལུ་སྡོད་མི་ འབྲུག་མི་ཚུ་གིས་ མ་རྩ་འབོར་ཆེ་ཏོག་ཏོ་སྦེ་ བཙུགས་ནིའི་རེ་བ་ཡོདཔ་ཨིན་པས།
མི་དབང་མཆོག་གི་ མཇལ་ཕྲད་ལུ་བརྟེན་ ཨཱསི་ཊེ་ལི་ཡ་ལུ་སྡོད་མི་ འབྲུག་པའི་མི་སེར་ཚུ་ལུ་ ཕན་ཐོགས་སྦོམ་སྦེ་ར་ བྱུང་ཡོདཔ་ལས་ འབྲུག་དང་གཅིག་ཁར་ བསྐྱར་འབྲེལ་མཐུན་ལམ་དང་ དགོས་དོན་ཚུ་གི་ ཚོར་སྣང་འབྱུང་ཚུགས་ནི་ཨིན་པས།
མི་དབང་མཆོག་གི་ གཟིགས་སྐོར་དེ་ དུས་ཐོག་ལུ་ཨིནམ་མ་ཚད་ ཨཱསི་ཊེ་ལི་ཡ་ལུ་སྡོད་མི་ འབྲུག་མི་སྟོང་ཕྲག་ལས་བཅད་མི་ཚུ་ལུ་ མཐོང་ཚུལ་བཟང་པོ་ཅིག་ བྱིན་ཚུགས་ཡོདཔ་ཨིན་པས།
མི་དབང་མཆོག་གིས་ མཇལ་ཕྲད་ལས་རིམ་ཚུ་ རིམ་བཞིན་གནང་པའི་སྐབས་ འབྲུག་མི་ཚུ་ སེམས་ཁར་འཁྲུལ་སྣང་ལང་ཡོདཔ་མ་ཚད་ མི་སྡེ་དང་ གཅིག་སྒྲིལ་ དེ་ལས་ གཅིག་ཁར་གཏོགས་པའི་ ཚོར་སྣང་ཚུ་ ཤུགས་སྦེ་ར་ བྱུང་ཡོདཔ་ཨིན་པས།
མི་དབང་མཆོག་གིས་ གསུང་བཤད་ཚུ་གནང་པའི་སྐབས་ འབྲུག་གི་ ནུས་ཤུགས་སྦོམ་ཤོས་དེ་ར་ རྒྱལཔོ་དང་ མི་སེར་གྱི་བར་ན་ བློ་གཏད་དང་ ཡིད་ཆེས་གཏིང་ཟབ་ཡོད་མི་དེ་ཨིན་ཟེར་ གསུངས་ཡོདཔ་ད་ གཞུང་ཚབ་ལས་ཁང་གིས་ བཤད་མིའི་ནང་ འབྲུག་གིས་ དགེ་ལེགས་ཕུག་རང་སྐྱོང་ལུང་ཕྱོགས་བཟུམ་མའི་ སྙིང་སྟོབས་ཅན་གྱི་ ལས་འགུལ་ཅིག་ འགོ་བཙུགས་ཚུགས་མི་དེ་ཡང་ བློ་གཏད་སྦོམ་ཡོད་མི་ལུ་བརྟེན་ ཨིན་ཟེར་ཨིན་པས།
མི་དབང་མཆོག་གི་ གཟིགས་སྐོར་དེ་གིས་ འབྲུག་གི་མི་སེར་ཚུ་ ཁོང་རའི་རྒྱལཔོ་ལུ་ གུས་ཞབས་དང་ དམ་ཚིག་གཙང་མ་ཡོད་མི་དེ་ རྩ་བརྟན་བཟོ་ཡོདཔ་མ་ཚད་ ཁོང་རའི་རྒྱལ་ཁབ་དང་ ཁོང་རའི་བརྒྱུད་པ་ དམིགས་བསལ་དུ་ རང་སོའི་ མི་ཚེ་མང་ཤོས་ར་ ཨཱསི་ཊེ་ལི་ཡ་ལུ་སྡོད་མི་ འབྲུག་པའི་ན་གཞོན་ཚུ་གི་བར་ན་ མཐུན་ལམ་དང་ མཉམ་འབྲེལ་སྒྲིང་སྒྲི་ བཟོ་ཡོད་པའི་གནས་ཚུལ།

བཙན་སྐྱོགས་དབང་འདུས།

Advertisement