༉ སྤྱི་ཟླ་༨ པའི་ཚེས་༤ ལུ་ ཐིམ་ཕུག་ལུ་སྦེ་ འབྲུག་ཡུལ་རྩོམ་རིག་དང་རིག་རྩལ་དུས་སྟོན་སྐབས་ རྒྱ་གར་ལུ་ ཕེ་རེནཆི་གི་གཞུང་ཚབ་ ཌོག་ཊར་ཐེ་རི་མོ་ཐའུ་གིས་ འབྲུག་རྒྱལ་༤ པ་མཆོག་ བྱང་ཆུབ་སེམས་དཔའི་རྣམ་སྤྲུལ་ཨིན་པའི་སྐོར་ལས་ ཁོ་གིས་ ཀི་དེབ་ཀྱི་བརྗོད་དོན་ནང་ འབྲུག་གི་རྒྱལ་པོ་བྱང་ཆུབ་སེམས་དཔའ་ མི་དབང་འཇིགས་མེད་སེངྒེ་དབང་ཕྱུག་ཟེར་ འབྲུག་པའི་རྩོམ་བྲིསཔ་ ཚེ་རིང་བཀྲིས་དང་ མཉམ་འབྲེལ་ཐོག་ལས་ བྲིས་ཡོདཔ་ཨིན་པས།
ཀི་དེབ་དེ་ནང་ འབྲུག་རྒྱལ་༤ པ་མཆོག་གི་ མཛད་ཤུལ་བཟང་པོ་མང་རབས་ཅིག་ བསྡུ་སྒྲིག་འབད་དེ་འབདཝ་ད་ ཌོག་ཊར་མ་ཐའུ་གིས་ བྱང་ཆུབ་སེམས་དཔའ་ཨིན་པའི་ གསལ་སྟོན་འབདཝ་ཨིན་པས།
ཌོག་ཊར་ཐེ་རི་མ་ཐའུ་དེ་ ཨེ་ཤི་ཡེན་ཞིབ་འཇུག་ཚུ་ནང་ ཁྱད་རིག་ཅན་གྱི་ སྐྱོང་བཞག་ལེགས་ལྡན་ཅན་དང་ མཁས་དབང་ཅན་ཅིག་ཡང་ ཨིན་པས།
རྒྱ་འབྲུག་མཐུན་འབྲེལ་ལས་ཚོགས་ཀྱི་ ཡོངས་ཁྱབ་དྲུང་ཆེན་ ཟླ་བ་དཔལ་འབྱོར་དང་གཅིག་ཁར་ གྲོས་བསྡུར་འབདཝ་ད་ ཌོག་ཊར་མ་ཐའུ་གིས་ བཤད་མིའི་ནང་ མི་དབང་འབྲུག་རྒྱལ་༤ པ་མཆོག་གི་ ཁྱད་ཆོས་བཟང་པོའི་མཛད་རྣམ་དེ་ བྱང་ཆུབ་སེམས་དཔའི་ཚུལ་ལས་མི་གཡོ་བ་དང་ ཐུགས་བརྒྱུད་བཟང་བ་ བྱམས་བརྩེ་ཆེ་བའི་གུ་ ཐུགས་བརྒྱུད་དྲི་མས་མ་གོས་པ་ སྤུས་གཙང་རྣམ་དག་ག་ར་ ཚང་སྟེ་ཡོདཔ་སྦེ་ཨིན་པས།
བྱང་ཆུབ་སེམས་ཟེར་བའི་ མིང་དོན་དེ་ཡང་ ལེགས་སྦྱར་གྱི་སྐད་ནང་ སྒྲིབ་གཉིས་བག་ཆགས་དང་བཅས་པ་ བྱང་ཚར་ཏེ་ ཤེས་བྱའི་ཆོས་ག་ར་ ཁོང་དུ་ཆུབ་སྟེ་ རྟོགས་ཚར་བ་ལུ་བརྟེན་ བྱང་ཆུབ་ཟེར་ གཞན་དོན་ཕན་ལྷུར་ལེན་པ་ཅིག་ལུ་ སླབ་ཨིན་ཟེར་ཨིན་པས།
བྱང་ཆུབ་སེམས་དཔའ་དེ་ སྤྱིར་བཏང་ཧ་གོ་དོ་བཟུམ་འབད་བ་ཅིན་ སངས་རྒྱས་ཀྱི་གོ་འཕང་དེ་ ཧེ་མ་ར་ འགྲོ་བ་རིགས་དྲུག་གི་སེམས་ཅན་ཐམས་ཅད་ མཐར་པ་ལུ་ འདྲེན་ཚར་བའི་ཤུལ་ལུ་ ཁོ་ར་སངས་རྒྱས་ནི་ཨིན་ཟེར་ དམ་བཅའ་བཞེས་ཡོདཔ་སྦེ་ཨིན་པས།
ཐེ་རི་མ་ཐའུ་གིས་ འབྲུག་རྩོམ་རིག་དང་རིག་རྩལ་དུས་སྟོན་གྱི་མཐོང་སྣང་ འགོ་དང་པ་ར་ མི་དབང་འབྲུག་རྒྱལ་༤ པ་མཆོག་གི་ ཆབ་འོག་ལུ་ གཞན་དང་མ་འདྲ་བའི་ ལྷུར་བརྩོན་གཡོ་བ་མེད་པར་ཡོདཔ་སྦེ་ ཧ་གོ་ཡི་ཟེར་ཨིན་པས།
གཙོ་རིམ་ཅན་གྱི་ གནད་དོན་མ་འདྲཝ་ཚུ་ཡང་ ལྷོ་མཚམས་པ་ཚུ་ མི་སྡེའི་ནང་ མི་རློབས་སྦོམ་ཤོས་ཅིག་དང་ སྤྱི་ལོ་༢༠༠༣ ལུ་ གཡིབ་དམག་གི་གདོང་ལེན་ རྒྱ་ནག་དང་གཅིག་ཁར་ ས་མཚམས་ཀྱི་བདེ་སྒྲིག་གནང་ནི་ རྫོང་ཁག་ཡར་རྒྱས་ཚོགས་འདུ་དང་ རྒེད་འོག་ཡར་རྒྱས་ཚོགས་ཆུང་ དབང་ཚད་ཕྱིར་སྤེལ་གཞི་བཙུགས་གནང་ནི་ འཆར་གཞི་ལྷན་ཚོགས་ གཞི་འགྱམ་བཙུགས་གནང་ནི་དང་འབྲེལ་ རྩ་ཁྲིམས་ཆེན་མོ་ལ་སོགས་པ་ཚུ་ གཙོ་རིམ་ཅན་གྱི་ གསལ་སྟོན་འབདཝ་ཨིན་པས།
ཐེ་རི་མ་ཐའུ་གིས་ བཤད་མིའི་ནང་ མི་དབང་མཆོག་ བྱམས་པ་དང་ སྙིང་རྗེ་གི་སྒོ་ལས་ བྱང་ཆུབ་ཀྱི་སེམས་ གོང་དུ་འཕེལ་ཏེ་འདུག་ཟེར་ཨིན་པས།
ད་རུང་གཞན་ཡང་ འབྲུག་རྒྱལ་༤ པ་མཆོག་གིས་ གསེར་ཁྲི་བློས་བཏང་མི་ལུ་ འཛམ་གླིང་ནང་ མི་ག་ར་ ཧ་ལས་པའི་གཞི་གནད་ལུ་གྱུརཝ་མ་ཚད་ འབྲུག་གི་དོན་ལུ་ རང་དོན་ཟེརཝ་རྩ་ལས་མེད་པའི་ ཐུགས་བརྒྱུད་བཟང་བའི་ ཁྱད་ཆོས་སྟོནམ་མས་ཟེར་ཨིན་པས།
རྒྱལ་བརྒྱུད་ཀྱི་རིང་ལུགས་ནང་ རྒྱལཔོ་རེ་རེ་བཞིན་དུ་གིས་ རང་སོའི་ ཁྱད་ཆོས་གཞན་དང་མ་འདྲ་བའི་ ཁྱད་དུ་འཕགས་པའི་ ཕྱག་ལཱ་ཚུ་གནང་ཡོདཔ་ལས་ རྒྱལཔོ་རིམ་བྱོན་ཚུ་གིས་ རྒྱལ་ཁབ་དབང་དུ་འདུ་སྟེ་ རྒྱལ་ཁབ་ཡུག་ཅིག་ལུ་ གོང་ལས་གོང་དུ་འཕེལ་ཏེ་འདུག་ཟེར་ ཁོ་གིས་ བཤདཔ་ཨིན་པའི་གནས་ཚུལ།

ཚེ་རིང་དབང་འདུས།

Advertisement