༉ སྤྱི་ཟླ་༧ པའི་ཚེས་༡༡ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་དང་ མི་དབང་རྒྱལ་བཙུན་ མི་དབང་རྒྱལ་སྲས་འཇིགས་མེད་རྣམ་རྒྱལ་ དེ་ལས་ མི་དབང་རྒྱལ་སྲས་ཨྱོན་དབང་ཕྱུག་གིས་ མོང་གོ་ལི་ཡ་གི་རྒྱལ་ས་ ཨུ་ལཱན་བ་ཊར་ལུ་ རྒྱལ་ཡོངས་རྩེད་ཐང་ནང་སྦེ་ འགོ་འདྲེན་འཐབ་མི་ ནཱ་དམ་དུས་སྟོན་བརྩི་སྲུང་ནང་ གྲལ་བཞུགས་གནང་ཡོདཔ་ཨིན་པས།
ནཱ་དམ་དུས་སྟོན་དེ་ མོང་གོ་ལི་ཡ་གི་ དུས་སྟོན་སྦོམ་ཤོས་དང་ གལ་ཅན་ཅིག་ཨིནམ་ད་ དེ་ཡང་ གནམ་བྱཱར་ལུ་ འགོ་འདྲེན་འཐབ་དོ་ཡོདཔ་བཞིན་དུ་ རང་ལུགས་ཀྱི་རྩེད་རིགས་ སྐེད་བཤེད་འཛིང་ནི་དང་ རྟ་རྒྱུག་རྐྱབ་ནི་ དེ་ལས་ མདའ་རྩེད་ཚུ་ སྟོནམ་ཨིན་པས།
དུས་རབས་ལས་བཅད་དེ་ མ་ཉམས་པར་གནས་བཞིན་ཡོད་མི་ ནཱ་དམ་དུས་སྟོན་སྐབས་ གནས་སྤོ་ལམ་སྲོལ་དང་ སྲོལ་ཁྱུན་བཟང་པོ་ཚུ་ བརྩི་སྲུང་འབད་དོ་ཡོདཔ་བཞིན་དུ་ ནཱ་དམ་དུས་སྟོན་དེ་ རྒྱལ་ཡོངས་དུས་སྟོན་སྦོམ་ཤོས་ཅིག་དང་ རྒྱལ་ཁབ་མཐའ་དབུས་མེད་པར་ བརྩི་སྲུང་འབདཝ་ཨིན་པས།
མི་དབང་རྒྱལ་བཙུན་རྣམ་༢ ཀྱིས་ དུས་སྟོན་གྱི་ འགོ་འབྱེད་རྟེན་འབྲེལ་ནང་ མོང་གོ་ལི་ཡ་གི་ སྲིད་འཛིན་དང་ ཕཱསི་ལེ་ཌི་གཅིག་ཁར་ དབུ་བཞུགས་མཛད་གནང་པའི་ཁར་ རང་ལུགས་ཀྱི་ རྩེད་རིགས་ཚུ་ནང་ གྲལ་གཏོགས་གནང་ནུག།
དེ་གི་ཤུལ་ལས་ མི་དབང་རྒྱལ་བཙུན་རྣམ་༢ ཀྱིས་ དུས་སྟོན་ནང་ ཡོངས་གྲགས་ཅན་ཅིག་ཨིན་མི་ རྟ་རྒྱུག་རྐྱབ་ས་ ཁོའེ་དོ་ལཱུན་ ཁུ་དག་ལུ་ གཟིགས་ཞིབ་གནང་ཡོདཔ་བཞིན་དུ་ མི་དབང་རྒྱལ་བཙུན་རྣམ་༢ ལུ་ རང་ལུགས་ཀྱི་ལམ་སྲོལ་ཐོག་ལས་ ཉིན་མའི་ ནཱ་དམ་གསོལ་སྟོན་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།
སྤྱི་ཟླ་༧ པའི་ཚེས་༡༠ལུ་ མི་དབང་རྒྱལ་བཙུན་རྣམ་༢ ཀྱིས་ རྒྱལ་སྲས་ཚུ་དང་གཅིག་ཁར་ ཅིང་གིསི་ཁཱན་འགྲེམས་སྟོན་ཁང་ནང་བྱོན་ཏེ་ མོང་གོ་ལི་ཡ་གི་ རྒྱལ་ཁབ་ཅན་གྱི་ འགྲེམས་སྟོན་ཚུ་ གཟིགས་ཞིབ་གནང་ཡོདཔ་མ་ཚད་ མོང་གོ་ལི་ཡ་གི་ རྒྱལ་ཆེན་དྲན་རྟེན་ ཅིང་གིསི་ཁཱན་སྐུ་འདྲའི་ས་ཁོངས་ནང་ གཟིགས་ཞིབ་གནང་ཡོདཔ་ཨིན་པས།
ཉིན་མ་ མི་དབང་རྒྱལ་བཙུན་རྣམ་༢ ཀྱིས་ དུས་རབས་༢༠པའི་སྔ་ཆ་ལུ་ མོང་གོ་ལི་ཡ་གི་ ཆོས་ཀྱི་དབུ་ཁྲིད་ རྗེ་བཙུན་དམ་པ་ ཁུ་ཏུག་ཀུ་༨ པའི་ མིང་བཏགས་ཏེ་ཡོད་མི་ བོཌ་ཁཱན་ཕོ་བྲང་འགྲེམས་ཁང་ནང་ གཟིགས་ཞིབ་གནང་ཡོདཔ་ཨིན་པས།
ད་རེས་ མི་དབང་རྒྱལ་བཙུན་རྣམ་༢ མོང་གོ་ལི་ཡ་གི་ སྲིད་འཛིན་ཡུ་ཁུ་རེལ་སུག་གིས་ མགྲོན་བརྡ་ཕུལ་མི་དང་བསྟུན་ མོང་གོ་ལི་ཡ་ལུ་ རྒྱལ་ཁམས་གཟིགས་སྐོར་ གནང་པའི་བསྒང་ཡོད་པའི་གནས་ཚུལ།

Advertisement