བཀྲིས་ཕུན་ཚོགས།
༉ དུས་རབས་༢༡ ལང་སོ་རུང་ རྒྱལ་ས་ལྟེ་བ་ ཐིམ་ཕུག་ཁྲོམ་ཁར་ མི་མང་གི་གསང་སྤྱོད་༢༠ ལྷགཔ་ཅིག་ལུ་ དབང་པོ་སྐྱོན་ཅན་དང་ རྒན་རྒས་ ཨ་ལོ་ཆགས་མི་ཨམ་སྲུ་དང་ འབྲེལ་མཐུན་ཡོད་པའི་ གཞི་རྟེན་མཐུན་རྐྱེན་ཚུ་མེདཔ་ལས་ དཀའ་ངལ་རྒྱ་ཆེ་དྲགས་སྦེ་ ཐོན་པའི་ གཞི་གནད་ཅན་ཅིག་གྱུར་ཏེ་འདུག།
མ་གཞི་ རྒྱལ་ཁབ་ནང་ དབང་པོ་སྐྱོན་ཅན་གྱི་དོན་ལུ་ མེད་ཐབས་མེད་པའི་ གཞི་རྟེན་མཐུན་རྐྱེན་ཚུ་ཡང་ རྐང་ཁྲི་འཁོར་ལོ་ཅནམ་ བདའ་འགྱོ་ཚུགས་པའི་ལམ་དང་ སྒྲིང་ཁྱིམ་བཟོ་སྐྲུན་འབད་མི་ནང་ དམིགས་བསལ་གྱི་ ཁྲོམ་ལམ་ སྤྲོ་སྟོན་སྡོད་སའི་ས་ཁོངས་ མཐོ་དམའ་མེད་པའི་འབྲེལ་མཚམས་ལམ་ གཞུང་ལམ་སྐེདཔ་བཏོག་འགྱོ་སའི་ལམ་ རྩེད་ཐང་ མི་མང་ས་ཁོངས་ དེ་ལས་ སྐྱེལ་འདྲེན་བཱསི་ཚུ་ནང་ འགྲོ་བ་མིའི་དབང་ཆ་དང་འཁྲིལ་ གཞི་བཙུགས་འབད་དགོ་པའི་ ལམ་སྟོན་ཚུ་ བརྩམས་ཏེ་འདུག།
དེ་འབདཝ་ད་ ཐིམ་ཁྲོམ་ལྟེ་བ་དང་ མི་མང་གི་གསང་སྤྱོད་ རྩེད་ཐང་ སྒྲིང་ཁྱིམ་ དེ་ལས་ ཁྲོམ་སྡེ་ས་ཁོངས་ག་ཏེ་འབད་རུང་ དབང་པོ་སྐྱོན་ཅན་ཚུ་དང་ འབྲེལ་མཐུན་ཡོད་པའི་ གཞི་རྟེན་མཐུན་རྐྱེན་ཚུ་མེདཔ་ལས་ འགྲོ་བ་མིའི་དབང་ཆ་དང་ འབྲུག་གི་རྩ་ཁྲིམས་ཆེན་མོ་ ཐབས་བྱུས་ སྲིད་བྱུས་ ཁྲིམས་ལུགས་ དེ་ལས་ ལམ་སྟོན་སྒྲིག་གཞི་ཚུ་ལས་ རྒྱབ་འགལ་འབད་བའི་གནད་དོན་གུ་ དབང་པོ་སྐྱོན་ཅན་ཚུ་ བྱ་ཐབས་མེད་པར་ སྡོད་དགོ་པའི་ གཞི་ཅིག་ཨིན་པས།
འབྲུག་ལུ་ དཔལ་འབྱོར་གོང་འཕེལ་ཆུང་བའི་རྒྱལ་ཁབ་དང་ ཡར་རྒྱས་མདུན་དུ་སྤོ་བའི་བསྒང་ རྒྱལ་ཁབ་ཆུང་ཀུ་ ཁྱད་ཆོས་ཐུན་མོང་མ་ཡིན་པའི་རྒྱལ་ཁབ་ ཁྱད་དུ་འཕགས་པའི་ སྔར་སྲོལ་ལམ་ལུགས་ཕྱུག་པོའི་ རྒྱལ་ཁབ་ཅིག་ཨིན་རུང་ དབང་པོ་སྐྱོན་ཅན་ཚུ་དང་ ཨམ་སྲུ་ཨ་ལོ་ཆགས་མི་ དེ་ལས་ རྒན་རྒས་ཚུ་གི་དོན་ལུ་ གཞི་རྟེན་ཐོབ་དབང་ཚུ་ འདྲ་མཉམ་དང་ དྲང་བདེན་སྦེ་ ཞབས་ཏོག་སྤྱོད་མ་ཚུགས་པའི་ དཀའ་ངལ་ཚུ་ཨིན་པས།
དབང་པོ་སྐྱོན་ཅན་དང་ འབྲེལ་མཐུན་ཡོད་པའི་ མི་མང་གསང་སྤྱོད་མེདཔ།
རྐངམ་སྤར་མ་ཚུགས་མི་ ཕུར་པ་འཕྲིན་ལས་ཀྱིས་ སླབ་མིའི་ནང་ འཇིགས་མེད་རྡོ་རྗེ་དབང་ཕྱུག་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་མ་གཏོགས་ ཁྲོམ་སྡེ་ས་ཁོངས་དང་ ཡིག་ཚང་ ལྷན་ཁག་ འབྲུག་ཨོ་ལིམ་པིག་ཚོགས་པ་ ཐིམ་ཕུག་ལྕང་གླིང་མི་ཐང་ དེ་ལས་ ལྷ་ཁང་དང་ དགོན་སྡེ་ག་ཏེ་འབད་རུང་ དབང་པོ་སྐྱོན་ཅན་ཚུ་གི་དོན་ལུ་ ཉེ་བར་མཁོ་བའི་གཞི་རྟེན་མཐུན་རྐྱེན་མེདཔ་ལས་ མནོ་དོན་ལེ་ཤ་ཅིག་ར་ འགྲུབ་མ་ཚུགས་པར་ ལུས་ཏེ་ཡོད་ཟེར་ཨིན་པས།
སྐྱེས་ལོ་༣༧ ལང་མི་ ཕུར་པ་འཕྲིན་ལས་དེ་ ཀྲོང་གསར་བྲག་སྟེང་རྒེད་འོག་ བསམ་ཆོས་གླིང་གཡུས་ཚན་ལས་ཨིནམ་ད་ སྤྱི་ལོ་༢༠༡༤ ལུ་ གློ་བུར་དུ་ རྐྱེན་ངན་བྱུང་ཞིནམ་ལས་ གཟུགས་ཀྱི་འཁོད་སྨད་སྤར་མ་ཚུགསཔ་ཐལ་བའི་ གནས་སྟངས་ལུ་བརྟེན་ ད་རེས་ནངས་པར་ ཐིམ་ཕུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ སྨན་བཅོས་ཀྱི་དོན་ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ སྐྱིད་སྡུག་འོག་ལུ་ སྐྱིད་སྡུག་ཡིག་ཚང་ནང་ སྡོད་དོ་ཡོདཔ་ཨིན་པས།
སྐྱེས་ལོ་༣༧ ལང་མི་ ཀུན་ལེགས་སྒྲོལམ་དེ་ ཆུང་ཀུ་བསྒང་ དུམ་གྲ་རེ་ ལམ་འགྱོ་ཚུགས་རུང་ འགྲོས་ཀྱིས་འབད་ འཁོད་སྨད་སྤར་མ་ཚུགས་པའི་ཤུལ་ ཕམ་དང་གཅིག་ཁར་ གཡུས་ཁར་སྡོད་ཡོདཔ་ཨིན་པས།
འབྲུག་ཨོ་ལིམ་པིག་ ཚོགས་པའི་འོག་ལུ་ བྷུ་ཊཱན་པེ་ར་ལིམ་པིག་ཚོགས་སྡེའི་ནང་ པེ་ར་ལིམ་པིག་ཀྲོབ་མདའ་རྐྱབ་མི་ ཀུན་ལེགས་སྒྲོལམ་གིས་ སླབ་མིའི་ནང་ རྒྱལ་ས་ལྟེ་བ་ ཐིམ་ཕུག་གི་ཁྲོམ་ནང་འབད་རུང་ དང་པ་ དབང་པོ་སྐྱོན་ཅན་ཚུ་གི་དོན་ལུ་ འབྲུག་གི་རྩ་ཁྲིམས་ཆེན་མོའི་ གཞི་རྟེན་ཐོབ་དབང་གི་ དགོངས་དོན་དང་འཁྲིལ་ཏེ་ འབྲུག་པའི་མི་སེར་ག་ར་ལུ་ འདྲ་མཉམ་དང་ དྲང་བདེན་སྦེ་ གཞི་རྟེན་མཐུན་རྐྱེན་ཚུ་ ཞབས་ཏོག་སྤྱོད་མི་ཚུགས་པས་ཟེར་ཨིན་པས།
དེ་ཡང་ དབང་པོ་སྐྱོན་ཅན་ཚུ་ སྡོད་ནིའི་ཁྱིམ་མ་ཐོབ་པའི་དཀའ་ངལ་དང་ ཁྱིམ་ཐོབ་རུང་ གསང་སྤྱོད་ཀྱི་མཐུན་རྐྱེན་མེད་པའི་དཀའ་ངལ་ ཁྲོམ་སྡེའི་ནང་ རྐང་ཁྲི་འཁོར་ལོ་ཅནམ་ལག་ལེན་འཐབ་མི་ དབང་པོ་སྐྱོན་ཅན་ཚུ་གིས་ ཕར་ཚུར་རྒྱུན་འགྲུལ་འཐབ་སའི་ ལམ་མེད་པའི་ཁར་ ཁྲོམ་སྡེའི་མི་མང་གསང་སྤྱོད་ཚུ་ནང་ དམིགས་བསལ་སྦེ་ དབང་པོ་སྐྱོན་ཅན་ཚུ་གིས་ ལག་ལེན་འཐབ་ནིའི་ གཞི་རྟེན་མཐུན་རྐྱེན་མེད་པའི་གདོང་ལེན་ དེ་ལས་ མི་མང་གསང་སྤྱོད་ནང་ འགྱོ་ནིའི་ལམ་མེད་པའི་དཀའ་ངལ་ཚུ་ རྒྱ་ཆེཝ་སྦེ་ར་འདུག་ཟེར་ཨིན་པས།
ཕུར་པ་འཕྲིན་ལས་ཀྱིས་ སླབ་མིའི་ནང་ མ་གཞི་ ས་གོ་ག་ཏེ་འབད་རུང་ དབང་པོ་སྐྱོན་ཅན་ཚུ་གི་དོན་ལུ་ དམིགས་བསལ་གྱི་གསང་སྤྱོད་དེ་ གལ་གནད་ཅན་དང་ ཁག་ཆེ་ཤོས་ཅིག་ཨིན་རུང་ རྐང་ཁྲི་འཁོར་ལོ་ཅནམ་སྦེ་ ལག་ལེན་འཐབ་མི་ དབང་པོ་སྐྱོན་ཅན་ཚུ་གི་དོན་ལུ་ ཁྲོམ་ལམ་དང་ ཁྲོམ་གྱི་བཟའ་ཁང་ཚུ་ནང་ བཤལ་འགྱོ་ནིའི་ ལམ་གྱི་མཐུན་རྐྱེན་ཚུ་ མིན་འདུག་ཟེར་ཨིན་པས།
འཇིགས་མེད་རྡོ་རྗེ་དབང་ཕྱུག་ རྒྱལ་ཡོངས་རྗེས་དྲན་མཆོད་རྟེན་ནང་ མཐུན་རྐྱེན་ཡོད་མི་གིས་ ལྷན་ཐབས་དུམ་གྲ་རེ་འབད་རུང་ གྱེན་གཟར་དྲག་ཡོད་ནི་དེ་གིས་ ཡར་འཛེགས་མ་ཚུགས་པའི་ གདོང་ལེན་ཡོད་ཟེར་ཨིན་པས།
དེ་བཟུམ་སྦེ་ ཐིམ་ཕུག་ སྟོན་པ་རྡོར་གདན་མའི་ མི་མང་གསང་སྤྱོད་ཡོད་རུང་ དམིགས་བསལ་དུ་ རྐང་ཁྲི་འཁོར་ལོ་ཅནམ་ ཐལ་ཚུགས་པའི་ ལམ་བཟོ་བྱིན་པ་ཅིན་ ཨམ་སྲུ་ཨ་ལོ་ཆགས་མི་དང་ རྒན་རྒས་ཚུ་ལུ་ཡང་ ལྷན་ཐབས་འབད་ནི་ཨིནམ་ལས་ མཁོ་སྒྲུབ་འབད་དགོཔ་ གལ་ཆེ་བས་ཟེར་ཨིན་པས།
ཚར་གཅིག་མོ་ར་ གྲོས་ཚོགས་ཞལ་འཛོམས་ཅིག་ནང་ བཅའ་མར་གཏོགས་པར་ ཁྲོམ་ཁར་འགྱོ་བའི་སྐབས་ རྐང་ཁྲི་འཁོར་ལོ་ཅནམ་ ཐལ་ཚུགས་པའི་ལམ་མེདཔ་མ་ཚད་ སྒྲིང་ཁྱིམ་ཚུ་ནང་ཡང་ མཐུན་རྐྱེན་མེདཔ་ལས་ མི་༤ གིས་ འབག་སྟེ་ ཆ་རོགས་འབད་དགོ་པའི་སྐབས་ དཀའ་ངལ་ཡོད་ཟེར་ ཀུན་ལེགས་སྒྲོལམ་གིས་ སླབ་ཨིན་པས།
ཐིམ་ཕུག་ཁྲོམ་ཁར་ བཤལ་བར་འགྱོཝ་ཨིན་ཟེར་ ཁྲོམ་ཁར་ལྷོདཔ་ད་ འཁོར་ལོ་ཅནམ་མདའ་འགྱོ་ནིའི་ ལམ་གྱི་མཐུན་རྐྱེན་མེད་པའི་ཁར་ བཟའ་ཚང་ཅིག་ནང་ ལྟོ་བཟའ་ནི་སྦེ་འགྱོཝ་ད་ འཁོར་ལོ་ཅནམ་ཐལ་མ་ཚུགས་པར་ གོམ་ཚད་སྤོ་ཐངས་ཀྱི་ ཨེ་ཁུ་ཚུ་ཡོདཔ་ལས་ ཆ་རོགས་འབད་མི་ མི་༢ ཡོད་རུང་ ཕར་ཚུར་དང་ ཡར་མར་བསྐྱལ་མ་ཚུགས་པའི་ གདོང་ལེན་བྱུང་ཡི་ཟེར་ཨིན་པས།
ཁྲོམ་ཁ་ལས་ཕར་ བཤལ་འགྱོ་ཡི་ཟེར་ གློ་བུར་དུ་ ཕོཝ་ན་ནི་དང་ ཆབ་གསང་རྒྱསཔ་ཚུ་གཏང་དགོ་པ་ཅིན་ མི་མང་གསང་སྤྱོད་ཡོད་རུང་ འགྱོ་སའི་ལམ་གྱི་མཐུན་རྐྱེན་མེདཔ་ལས་ ལོག་སྟེ་ར་ རང་སྡོད་སའི་ཁྱིམ་ནང་ འོང་དགོ་པའི་དཀའ་ངལ་ ལེ་ཤ་འདུག་ཟེར་ཨིན་པས།
སྐྱེས་ལོ་༨༧ ལང་མི་ ཚེ་དབང་ཆོས་འཛོམས་ཀྱིས་ སླབ་མིའི་ནང་ ལོ་གཞོནམ་སྦེ་སྡོད་མི་དང་ཕྱདཔ་ད་ ད་རེས་ ལུས་ཤ་ཁྲག་ཕུངམ་ལུ་ ན་ནི་དང་ ཚ་ནི་རྫོགས་ནི་མེད་པའི་ཁར་ ཆབ་གསང་བཏང་པར་འགྱོ་རུང་ ཚ་བོ་དང་ ཚམོ་ཚུ་གིས་ ཆ་རོགས་འབད་དེ་ ངོ་ཚ་རུང་ ཐབས་ཤེས་གཞན་མེད་པར་ སྡོད་དགོ་པའི་གནས་སྟངས་ནང་ ལྷོད་དེ་ཡོད་ཟེར་ཨིན་པས།
སྐྱེས་ལོ་༤༠ ལང་མི་ རྟ་མགྲིན་མཚོ་མོ་དང་འཁྲིལཝ་ད་ ཐིམ་ཕུག་ཁྲོམ་ཁར་ བཤལ་བར་འགྱོ་དགོ་མནོ་རུང་ ཨམ་སྲུ་ཨ་ལོ་ཆགས་མི་ཚུ་གི་དོན་ལུ་ ཉེན་སྲུང་དང་ལྡན་པའི་ རྐང་ལམ་མེད་པའི་ཁར་ མི་མང་གསང་སྤྱོད་ཡོད་རུང་ ཆབ་གསང་དང་ བཙོག་པའི་དྲིམ་ གསང་སྤྱོད་མཐའ་བསྐོར་ཏེ་ རག་རོག་ དེ་ལས་ ཆབ་གསང་བཏང་སའི་ས་གོ་ནང་ ཐུན་རྐྱེན་མེདཔ་ལས་ རང་དབང་མེད་པར་ ཁྱིམ་ནང་སྡོད་དགོཔ་ཐོན་ཡོད་ཟེར་ཨིན་པས།
མ་གཞི་ ཁྲོམ་སྡེའི་སྒྲིང་ཁྱིམ་དང་ ཁྲོམ་སྡེའི་ས་གོ་ཐདམ་ཐད་ཁ་ལས་ཕར་ གཟུགས་ཀྱི་འཁོད་སྨད་སྤར་མ་ཚུགས་མི་ དབང་པོ་སྐྱོན་ཅན་ཚུ་གི་དོན་ལུ་ འཁོར་ལོ་ཅནམ་ཐལ་ཚུགས་པའི་ ལམ་གཏོན་དགོཔ་མ་ཚད་ བཟའ་ཚང་དང་ ཚོང་ཁང་ག་ཏེ་འབད་རུང་ གསང་སྤྱོད་ནང་ དམིགས་བསལ་དུ་ དབང་པོ་སྐྱོན་ཅན་ཚུ་གི་དོན་ལུ་ ངེས་པར་དུ་ མཐུན་རྐྱེན་གཞི་བཙུགས་དགོཔ་འདུག་ཟེར་ཨིན་པས།
ཐིམ་ཕུག་ཁྲོམ་སྡེ་ལས་ བརྡ་བརྒྱུད་མགྲིན་ཚབ་ཟླ་བ་རྒྱལ་མཚན་གྱིས་ སླབ་མིའི་ནང་ ཐིམ་ཕུག་ཁྲོམ་སྡེ་ནང་ དབང་པོ་སྐྱོན་ཅན་ཚུ་གི་དོན་ལུ་ ད་ལྟོ་ཚུན་ མི་མང་གི་གསང་སྤྱོད་ནང་ གཞི་རྟེན་མཐུན་རྐྱེན་མེདཔ་ལས་ ལག་ལེན་འཐབ་པར་ ཁོང་རའི་སྡོད་ཁྱིམ་ནང་ འགྱོ་དོ་འོང་ཟེར་ཨིན་པས།
ཁྲོམ་སྡེའི་མི་མང་གསང་སྤྱོད་དེ་ ལྟ་རྟོག་དང་ འཛིན་སྐྱོང་ བདག་འཛིན་ དེ་ལས་ འགོ་འདྲེན་འཐབ་ནིའི་དོན་ལུ་ ཌོག་ཊར་ ཊོའེ་ལེཌ་ཟེར་ ཌོག་ཊོར་གསང་སྤྱོད་ལུ་ བྱིན་ཡོདཔ་ལས་ ཌོག་ཊར་ ཊོའེ་ལེཊ་གིས་ འགོ་འདྲེན་འཐབ་དོ་ཡོདཔ་ལས་ ད་ལྟོའི་གནས་སྟངས་ནང་ གསང་སྤྱོད་ཁག་འབགཔ་གི་ལཱ་འབད་དོ་ཟེར་ཨིན་པས།
ཌོག་ཊར་ ཊོའེ་ལེཌ་གི་འཛིན་སྐྱོང་པ་ཀུན་ལེགས་ཚེ་རིང་གིས་ སླབ་མིའི་ནང་ ཐིམ་ཕུག་ཁྲོམ་སྡེ་གིས་ ཁྲོམ་སྡེའི་གསང་སྤྱོད་ཚུ་ ལྟ་རྟོག་དང་ འཛིན་སྐྱོང་འཐབ་ནིའི་དོན་ལུ་ སྤྱི་ལོ་༢༠༡༧ ལུ་ གནང་བ་ཐོབ་ཞིནམ་ལས་ སྤྱི་ལོ་༢༠༡༨ ལས་༢༠༢༤ ཚུན་ ལོ་ངོ་༦ གི་རིང་ མི་མང་གསང་སྤྱོད་༢༧ དེ་ཅིག་ བདག་འཛིན་འཐབ་བཞིན་དུ་ཡོད་ཟེར་ཨིན་པས།
ད་ལྟོ་ མི་མང་གི་གསང་སྤྱོད་ཚུ་ལས་ ཞབས་ཏོག་ཚུ་ཡང་ ཆབ་གསང་འཕྱགས་དགོཔ་མ་ཚད་ ཕྱི་ཁ་དང་ནང་ན་ དེ་ལས་ མཐའ་འཁོར་ཚུ་ གཙང་སྦྲ་དང་ལྡནམ་སྦེ་བཞག་ཐབས་ལུ་ བདག་འཛིན་འཐབ་མི་ ལས་མི་རེ་བཙུགས་ཡོད་མི་ལུ་ ཟླ་རིམ་དངུལ་ཕོགས་༧,༠༠༠ ལས་༡༥,༠༠༠ བར་ན་ སྤྲོད་དེ་ཡོདཔ་ཨིན་པས།
ད་ལྟོ་ཚུན་ ལྟ་བཤལ་ཚོགས་སྡེ་དང་མཉམ་འབྲེལ་ཐོག་ལས་ ཐིམ་ཕུག་བཀའ་རྒྱ་ཁྲོམ་གྱི་ ཚོད་བསྲེ་ཁང་མིག་ནང་ཡོད་མི་ མི་མང་གསང་སྤྱོད་ནང་ དབང་པོ་སྐྱོན་ཅན་ཚུ་ཡང་ རྐང་ཁྲི་འཁོར་ལོ་ཅནམ་ཚུ་བདའ་སྟེ་ ཞབས་ཏོག་ལེན་ཚུགསཔ་སྦེ་བཟོ་མི་དང་ ཐིམ་ཕུག་དང་ སྤ་རོའི་གཞུང་ལམ་བདའ་སྟེ་ མི་མང་གི་གསང་སྤྱོད་༡ ནང་ དབང་པོ་སྐྱོན་ཅན་ཚུ་གི་དོན་ལུ་ཡང་ དགོས་མཁོ་དང་བསྟུན་ཏེ་ མཐུན་རྐྱེན་སྤྲོད་དེ་ཡོད་ཟེར་ཨིན་པས།
བྷུ་ཊཱན་གསང་སྤྱོད་ལས་སྡེ་ལས་ ལས་རིམ་འགོ་དཔོན་ཚེ་གྲུབ་རྡོ་རྗེ་གིས་ སླབ་མིའི་ནང་ ཁྲོམ་སྡེ་ནང་ འབྲུག་པའི་མི་སེར་ག་ར་གི་དོན་ལུ་ མེད་ཐབས་མེད་པའི་ གསང་སྤྱོད་དགོཔ་གལ་ཆེ་བའི་ཁར་ དམིགས་བསལ་དུ་ དབང་པོ་སྐྱོན་ཅན་ཚུ་གི་དོན་ལུ་ཡང་ འབྲེལ་མཐུན་གྱི་ གཞི་རྟེན་མཐུན་རྐྱེན་ཚུ་ དགོས་མཁོ་ཅན་སྦེ་ གཞི་བཙུགས་དགོཔ་གལ་ཆེ་བས་ཟེར་ཨིན་པས།
ཁོ་གིས་ སླབ་མི་དང་འཁྲིལཝ་ད་ ད་ལྟོ་ཚུན་ ཁྲོམ་སྡེའི་མི་མང་གསང་སྤྱོད་ཚུ་ ས་གནས་ཐདམ་ཐད་ཁ་ལས་ཕར་ གཞི་བཙུགས་ཡོད་རུང་ འགྲོ་བ་མིའི་ཐོབ་དབང་དང་འཁྲིལ་ མི་སེར་ག་ར་ལུ་ འདྲ་མཉམ་དང་དྲང་བདེན་གྱི་མཐུན་རྐྱེན་ཚུ་ གཞི་བཙུགས་འབད་དེ་མེདཔ་ལས་ ཁེ་རྒུད་མ་བཏུབ་མི་ གཙོ་བོ་ར་ དབང་པོ་སྐྱོན་ཅན་ཚུ་ཨིན་ཟེར་ཨིན་པས།
ཕྱི་རྒྱལ་ལུ་ དམིགས་བསལ་གྱི་མཐུན་རྐྱེན།
སྤྱི་ལོ་༢༠༢༣ ལུ་ རྒྱལ་སྤྱི་པེ་ར་ལུམ་པིག་རྩེད་འགྲན་ནང་ རྡོ་བཀོ་ནི་དང་ ཇེབ་གླིང་གི་དོན་ལུ་ འབྲུག་གི་ངོ་ཚབ་སྦེ་ བཅའ་མར་གཏོགས་པར་ ཌུ་བའེ་ལུ་ ཕུརཔ་འཕྲིན་ལས་ཀྱིས་ འགྱོ་བའི་སྐབས་ ཌུ་བའེ་རྒྱལ་སྤྱི་གནམ་གྲུ་ཐང་ནང་ལྷོདཔ་ཅིག་ དབང་པོ་ལུ་ཐོ་ཕོག་མི་ སྐྱོན་ཅན་ཚུ་གི་དོན་ལུ་ གནམ་གྲུ་ཐང་ནང་དང་ ཁྲོམ་ རྩེད་ཐང་ག་ཏེ་འབད་རུང་ འགྲོ་བ་མིའི་དབང་ཆ་དང་འབྲེལ་མཐུན་པའི་ དམིགས་བསལ་གྱི་གསང་སྤྱོད་ཡོད་པའི་ཁར་ ཆ་རོགས་མ་དགོ་པར་ ཁོང་རང་གིས་ འགྱོ་ཚུགས་པའི་ རྐང་ཁྲི་འཁོར་ལོ་ཅནམ་འགྱོ་ནིའི་ལམ་དང་ ས་གོ་གོ་ཡངས་དྲགས་ ཆབ་གསང་ནང་ ལགཔ་བཤད་ནིའི་མཐུན་རྐྱེན་ཚུ་ འོས་འབབ་དང་ སྤུས་ཚན་ཅན་སྦེ་ གཞི་བཙུགས་ཡོདཔ་ལས་ མནོ་དོན་ཚུ་ ཡོངས་སུ་རྫོགསཔ་སྦེ་ གྲུབ་ཚུགས་ཅི་ཟེར་ཨིན་པས།
དེ་བཟུམ་སྦེ་ ཀུན་ལེགས་སྒྲོལམ་གིས་ སླབ་མིའི་ནང་ ཕྱི་རྒྱལ་བེང་ཀོག་གི་ རྒྱལ་སྤྱི་གནམ་ཐང་ནང་ལྷོདཔ་ད་ འཁོར་ལོ་ཅནམ་ལག་ལེན་འཐབ་མི་ དབང་པོ་སྐྱོན་ཅན་ཚུ་གི་དོན་ལུ་ དམིགས་བསལ་སྦེ་ གསང་སྤྱོད་བཟོ་བའི་ཁར་ རྦོབ་རིལ་འགྱོ་ནིའི་ཚ་གྱང་མེད་པར་ ཉེན་སྲུང་དང་ལྡནམ་སྦེ་བཟོ་སྟེ་འདུག་ཟེར་ཨིན་པས།
སྤྱིར་བཏང་ མི་ཚུ་གི་ཐོབ་དབང་ཡོད་དོ་བཟུམ་སྦེ་ དབང་པོ་སྐྱོན་ཅན་དང་ཚུ་གི་དོན་ལུ་ གཞི་རྟེན་མཐུན་རྐྱེན་གྱི་ཐོབ་དབང་ཚུ་ འདྲ་མཉམ་དང་ དྲང་བདེན་ཐོག་ལས་ ཞབས་ཏོག་སྤྱོད་ཚུགསཔ་སྦེ་ཡོདཔ་ལས་ དཔའ་ཉམས་དང་ སེམས་ལུ་ དགའ་སྐྱིད་ཡང་ ཁྱད་པར་ཅན་ཅིག་སྦེ་ ཐོབ་ནི་འདུག་ཟེར་ ཕུརཔ་འཕྲིན་ལས་ཀྱིས་ བཤདཔ་ཨིན་པས།
སྤྱིར་བཏང་ མི་ཚུ་གི་ཐོབ་དབང་ཡོད་དོ་བཟུམ་སྦེ་ དབང་པོ་སྐྱོན་ཅན་ལུ་ གཞི་རྟེན་མཐུན་རྐྱེན་གྱི་ཐོབ་དབང་ཚུ་ འདྲ་མཉམ་དང་ དྲང་བདེན་ཐོག་ལས་ ཞབས་ཏོག་སྤྱོད་ཚུགསཔ་སྦེ་ཡོདཔ་ལས་ དཔའ་ཉམས་དང་ སེམས་ལུ་ དགའ་སྐྱིད་ཡང་ ཁྱད་པར་ཅན་ཅིག་སྦེ་ བྱུང་ནི་འདུག་ཟེར་ ཁོང་༢ ཀྱིས་ སླབ་ཨིན་པས།
ཚར་གཅིག་ཁར་ ཀུན་ལེགས་སྒྲོལམ་མོ་ར་ འབྲུག་མཁའ་འགྲུལ་ནང་ ཆབ་གསང་བསྡུས་ཀྱི་དོན་ལུ་ ལག་ལེན་འཐབ་མི་ ཌའེ་པར་སོར་བར་ གནམ་གྲུ་ནང་འགྱོ་བའི་སྐབས་ གསང་སྤྱོད་སྒོ་ལས་ཕར་ འཁོར་ལོ་ཅནམ་ཐལ་མ་ཚུགསཔ་ ས་གོ་ཆུང་ཀུ་ཡོདཔ་ལས་ དཀའ་ངལ་འདུག་ཟེར་ཨིན་པས།
ཉེན་སྲུང་དང་ དཀའ་ངལ་སྣ་ཚོགས།
ཐིམ་ཕུག་ཆུ་བར་ཆུ་ལག་བཟོ་ཚོང་ཁང་གི་ལྟག་ལུ་ཡོད་པའི་ མི་མང་གི་གསང་སྤྱོད་དེ་ ཕྱི་ཁ་ལས་ལྟཝ་ད་ ཁམས་ལོག་སི་སི་སྦེ་མཐོང་རུང་ གསང་སྤྱོད་ནང་ན་ ཧིང་སངས་སང་སྦེ་མཐོང་ཚུགསཔ་ཨིན་པས།
དེ་ཁར་ལཱ་འབད་མི་ སྐྱེས་ལོ་༣༢ ལང་མི་ པདྨ་དབང་མོ་གིས་ སླབ་མིའི་ནང་ རྨགཔོ་དང་ཁ་བྱལ་ཞིནམ་ལས་ བྱ་ཐབས་མེད་པར་ ཐིམ་ཕུག་འོང་སྟེ་ ཆབ་གསང་འཕྱགས་ཏེ་ མི་ཚེ་སྐྱོང་སྟེ་ཡོད་ཟེར་ཨིན་པས།
ཟླཝ་༤ ཚུན་ གསང་སྤྱོད་ནང་ལཱ་འབད་བའི་སྐབས་ རྒྱ་གར་ལས་ ལྟ་བཤལཔ་ཚུ་གིས་ ཞབས་ཏོག་སྤྱོད་པར་འོང་ནི་ཡོདཔ་བཞིན་དུ་ ཉིནམ་༡ ནང་ གསང་སྤྱོད་ཀྱི་ཞབས་ཏོག་སྤྱོད་མི་ མི་༥༠ དེ་རེ་འོང་ནི་འདུག་ཟེར་ཨིན་པས།
ཞབས་ཏོག་སྤྱོད་མི་མང་ཤོས་ར་ ལག་བཟོ་ཚོང་ཁང་གི་ཚོང་པ་དང་ གླ་འཁོར་བཏང་མི་ དེ་ལས་ ཕར་ཚུར་རྒྱུན་འགྲུན་འབད་མི་ཚུ་མ་གཏོགས་ དབང་པོ་སྐྱོན་ཅན་ཚུ་གི་དོན་ལུ་ མཐུན་རྐྱེན་ག་ནི་ཡང་མེད་པའི་ཁར་ དེ་ཁར་ མི་མང་གི་གསང་སྤྱོད་ཡོདཔ་སྦེ་ ཤེས་མི་གངམ་མིན་འདུག་ཟེར་ པདྨ་དབང་མོ་གིས་ སླབ་ཨིན་པས།
འབྲུག་ཉེན་བཅོལ་ཚད་འཛིན་དང་ ནོར་འཛིན་གཞུང་ལམ་འོག་གི་ སྦ་སྒོར་ཨིན་ན་ ཡང་ཅིན་ གསང་སྤྱོད་ཨིན་ན་ དབྱེ་བ་ཕྱེ་སྟེ་ ངོས་འཛིན་འབད་མ་ཚུགས་པའི་ མི་མང་གསང་སྤྱོད་དེ་ནང་ཡང་ ཞབས་ཏོག་སྤྱོད་མི་ཚུ་ལས་ སྤྱོད་འཐུས་དངུལ་ཀྲམ་༡༠ རེ་བསྡུ་ལེན་འབད་མི་དང་འཁྲིལ་ ཉིནམ་༡ ནང་ དངུལ་ཀྲམ་༥༠༠ ཐོབ་ནི་ལུ་ ལཱ་ཁག་འདུག་ཟེར་ གསང་སྤྱོད་བདག་འཛིན་འབད་མི་ ལཱལ་ མ་ཡ་ བཱལ་གྱིས་ སླབ་ཨིན་པས།
གློ་བུར་སྦེ་ དབང་པོ་སྐྱོན་ཅན་རེ་གཉིས་ཡང་ ཞབས་ཏོག་སྤྱོད་པར་འོངམ་ད་ སྡིག་ཆེ་སི་སི་སྦེ་ གསང་སྤྱོད་ཀྱི་སྒོ་ལས་ མ་ཐལ་བའི་ཁར་ ཆབ་གསང་ལག་ལེན་འཐབ་ནི་ལུ་ མཐུན་རྐྱེན་མེད་པའི་གདོང་ལེན་བྱུང་ཡོདཔ་མ་ཚད་ གནམ་ནུབ་མོ་ ཏམ་ཁུ་འཐུང་མི་དང་ ཆང་འགྲངས་མི་ སྨྱོ་རྫས་སྤྱོད་མི་ དེ་ལས་ སྤྱིར་བཏང་ མི་ཚུ་གིས་ཡང་ གསང་སྤྱོད་ཀྱི་ས་ཁོངས་ནང་ ཆབ་གསང་རྒྱས་བསྡུས་བཏང་པའི་ཁར་ སྒོ་ཅུང་དང་ སྒོ་ཚུ་ཡང་ ཆག་དཀྲུམ་འབད་བའི་དཀའ་ངལ་སྣ་ཚོགས་ཡོད་ཟེར་ཨིན་པས།
ཕར་ཚུར་འགྱོ་མི་ མི་ཚུ་གིས་ སླབ་མིའི་ནང་ ད་རེས་ དུས་རབས་༢༡ ལང་སོང་རུང་ མི་མང་གི་གསང་སྤྱོད་དེ་ སྤྱི་ལོ་༡༩༨༠ གྱངས་ཀྱི་གནས་སྟངས་བཟུམ་སྦེ་ལུས་སོ་ནུག་ཟེར་ཨིན་པས།
ཌོག་ཊར་ ཊོའེ་ལེཌ་གི་འཛིན་སྐྱོང་པ་ཀུན་ལེགས་ཚེ་རིང་གིས་ སླབ་མིའི་ནང་ མ་གཞི་ འབྲུག་གི་རྩ་ཁྲིམས་ཆེན་མོའི་དགོངས་དོན་དང་ གཞི་རྟེན་མཁོ་ཆས་དང་སྐྱེལ་འདྲེན་ལྷན་ཁག་གིས་ དབང་པོ་སྐྱོན་ཅན་དང་འབྲེལ་མཐུན་སྦེ་ བཟོ་སྐྲུན་འབད་བའི་ལམ་སྟོན་ བཅའ་ཁྲིམས་ དེ་ལས་ སྲིད་བྱུས་གཞན་གྱི་དགོངས་དོན་ཚུ་དང་འཁྲིལ་རུང་ དབང་པོ་སྐྱོན་ཅན་དང་མཐུནམ་སྦེ་ བཟོ་སྐྲུན་འབད་དགོཔ་སྦེ་འདུག།
ཨིན་རུང་ ལག་ལེན་ངོ་མ་སྦེ་ འཐབ་པའི་སྐབས་ དང་པ་ མ་དངུལ་འཐོབ་མ་ཚུགས་པའི་དཀའ་ངལ་དང་ གཉིས་པ་ མི་མང་གི་གསང་སྤྱོད་ས་ཁོངས་དེ་ ཁྲོམ་སྡེ་དང་ གཞི་རྟེན་མཁོ་ཆས་དང་སྐྱེལ་འདྲེན་ལྷན་ཁག་ སྒེར་སྡེ་ དེ་ལས་ དབང་ཚད་བཟུང་མི་གཞན་ཡང་ འཐོན་དོ་ཡོདཔ་ལས་ དེ་ལས་ བཅའ་ཁྲིམས་ཚུ་གིས་ ཁེ་ཕན་འབྱུང་མི་ཚུགས་པས་ཟེར་ཨིན་པས།
མི་མང་གསང་སྤྱོད་ཚུ་ ཉམས་བཅོས་འབད་དགོཔ་རན་པའི་ཁར་ ཁྲོམ་སྡེ་ནང་ དཔེ་བཏུབ་པའི་ མི་མང་གསང་སྤྱོད་བཟོ་དགོཔ་གལ་ཅན་ཅིག་ཨིན་རུང་ གསང་སྤྱོད་གསརཔ་བཟོ་སྐྲུན་འབད་ནི་ལུ་ རྒྱལ་ཁབ་ཀྱི་ བདག་དབང་འཛིན་མི་ལེ་ཤ་ཡོདཔ་ལས་ གནམ་མེད་ས་མེད་དཀའ་ངལ་འདུག་ཟེར་ ཀུན་ལེགས་ཚེ་རིང་གིས་ སླབ་ཨིན་པས།
ལས་རིམ་འགོ་དཔོན་ཚེ་གྲུབ་རྡོ་རྗེ་གིས་ སླབ་མི་དང་འཁྲིལཝ་ད་ འབྲུག་གི་ཁྲིམས་ལུགས་དང་ སྒྲིག་གཞི་ བཅའ་ཁྲིམས་ ལྷན་ཁག་ ལས་ཁུངས་ ལས་སྡེ་ཁག་ གཞུང་མིན་ སྒེར་སྡེ་ དེ་ལས་ ཁྲོམ་སྡེ་རང་སོ་ལུ་ སྲིད་བྱུས་དང་ཐབས་བྱུས་ལེ་ཤ་ཡོད་རུང་ ད་རེས་ནངས་པར་ བསྟར་སྤྱོད་འབད་མ་ཚུགས་པར་ ལུས་ཏེ་འདུག་ཟེར་ཨིན་པས།
བརྡ་བརྒྱུད་མགྲིན་ཚབ་ཟླ་བ་རྒྱལ་མཚན་གྱིས་ ད་ལྟོ་ཚུན་ཚོད་ ཁྲོམ་སྡེའི་མི་མང་གསང་སྤྱོད་ཚུ་ནང་ དབང་པོ་སྐྱོན་ཅན་དང་འབྲེལ་མཐུན་སྦེ་ གཞི་རྟེན་མཐུན་རྐྱེན་ཚུ་ གཞི་བཙུགས་མ་འབད་བའི་ཁར་ དམིགས་བསལ་དུ་ དབང་པོ་སྐྱོན་ཅན་ཚུ་གི་དོན་ལས་ མི་མང་གསང་སྤྱོད་ཚུ་ནང་ གཞི་བཙུགས་འབད་ནིའི་འཆར་གཞི་དང་ ལས་རིམ་ཚུ་ མེད་ཟེར་ཨིན་པས།
ཀུན་ལེགས་སྒྲོལམ་གིས་ སླབ་མིའི་ནང་ ཐིམ་ཕུག་ལུ་སྡོད་དེ་ ལོ་ངོ་༢༠ ལང་སོང་རུང་ རྐང་ཁྲི་འཁོར་ལོ་ཅནམ་ཐལ་ཚུགས་པའི་ལམ་དང་ མི་མང་གསང་སྤྱོད་ཚུ་ནང་ དམིགས་བསལ་གྱི་ དབང་པོ་སྐྱོན་ཅན་ཚུ་གི་མཐུན་རྐྱེན་ཚུ་མེདཔ་ལས་ ཁྲོམ་ནང་ ལྷོད་མ་ཚུགས་པར་ ལོ་ངོ་༡༠ ལྷགཔ་ཅིག་སོང་ཡི་ཟེར་ཨིན་པས།
གོ་བརྡའི་ཤེས་ཡོན།
ད་རེས་ནངས་པར་ བྷུ་ཊཱན་ཊོའེ་ལེཌ་ལས་སྡེ་གིས་ གཞུང་དང་ རྒྱལ་ཁབ་ནང་ཡོད་པའི་ ཕྱི་རྒྱལ་ལས་སྡེ་ཚུ་གི་མ་དངུལ་རྒྱབ་སྐྱོར་འཚོལ་ཐོག་ལས་ སྲིད་བྱུས་དང་ ཐབས་བྱུས་ ཁྲིམས་ལུགས་ སྒྲིག་གཞི་ འཆར་གཞི་བརྩམ་མི་ གཞུང་གི་ཆེ་མཐོའི་འགོ་དཔོན་དང་ གཞུང་མིན་ཚོགས་པ་ ཁེ་སང་མེན་པའི་ལས་སྡེ་ སྒེར་སྡེ་ མི་སྡེ་ ས་གནས་གཞུང་གི་འགོ་དཔོན་ཚུ་ལུ་ དབང་པོ་སྐྱོན་ཅན་དང་ ཨ་ལོ་ཆགས་མི་ཨམ་སྲུ་ རྒན་རྒས་ཚུ་གི་དོན་ལུ་ མི་མང་གི་གསང་སྤྱོད་དང་ ཁྲོམ་སྡེ་ རང་སོའི་ཁྱིམ་ཚུ་ནང་ ངེས་པར་དུ་དགོ་པའི་ གསང་སྤྱོད་ཀྱི་ཐུན་རྐྱེན་ཚུ་ལུ་ མ་རྩ་གཞི་བཙུགས་འབད་དགོ་པའི་སྐོར་ སྦྱོང་བརྡར་དང་ གོ་བརྡའི་ཤེས་ཡོན་ཚུ་ སྤེལ་བཞིན་དུ་ཡོདཔ་ཨིན་པས།
སློབ་གྲྭ་དང་ བྲག་མཚོ་རིག་རྩལ་སྦྱོང་བརྡར་ལྟེ་བ་ འབྲུག་དབང་པོ་སྐྱོན་ཅན་ཚོགས་སྡེ་ དེ་ལས་ སྨན་ཁང་གི་ལས་བྱེདཔ་ སྨན་གཡོགམོ་ཚུ་ལུ་ ལས་སྡེ་གིས་ ཞིབ་འཚོལ་འབད་བའི་སྙན་ཞུ་བསྡུ་སྒྲིག་འབད་མི་དང་འཁྲིལ་ཏེ་ གོ་བརྡའི་ཤེས་ཡོན་ཚུ་ སྤེལ་བའི་ཁར་ སྦྱོང་བརྡར་ཚུ་ བྱིན་ཡོདཔ་སྦེ་ ལས་རིམ་འགོ་དཔོན་ཚེ་གྲུབ་རྡོ་རྗེ་གིས་ བཤདཔ་ཨིན་པས།
མི་ཚེ་རྟག་པ་བརྟན་པ་རྩ་ལས་མེདཔ་ལས་ ད་ལྟོ་ལེགས་ཤོམ་ཡོད་རུང་ རྟིང་ལས་ སྣུམ་འཁོར་ཐུག་རྐྱེན་དང་ ཧང་སྟོང་པར་ རྦོབ་རིལ་ གློ་བུར་གྱི་རྐྱེན་ལ་སོགས་པ་ལུ་བརྟེན་ མི་ག་ར་ལུ་ དབང་པོ་ལུ་ ཐོ་ཕོག་ཉེན་ཡོདཔ་ལས་ རང་ལྕོགས་གྲུབ་ཡོད་པའི་དུས་ལུ་ རང་སོའི་ཁྱིམ་ནང་འབད་རུང་ གསང་སྤྱོད་དེ་ སྤུས་ཚད་ཅན་དང་ དེང་སང་འཕྲུལ་རིག་དང་བསྟུནམ་སྦེ་ བཟོ་དགོཔ་གལ་ཆེ་ཟེར་ འགོ་དཔོན་ཚུ་གིས་བཤདཔ་ཨིན་པས།
གཞུང་དང་ ལྷན་ཁག་ གཞུང་མིན་ཚོགས་པ་ ལས་སྡེ་ ལས་འཛིན་ དེ་ལས་ སྒེར་སྡེ་འགོ་དཔོན་ཚུ་གིས་ མི་མང་དང་ ཁྲོམ་སྡེའི་མི་ སློབ་གྲྭ་ དགེ་འདུན་གྲྭ་ཚང་ ས་གནས་གཞུང་སྐྱོང་ མི་སྡེ་ གཡུས་སྒོའི་མི་སེར་ག་ར་ལུ་ དབང་པོ་སྐྱོན་ཅན་དང་འབྲེལ་མཐུན་པའི་ མི་མང་གསང་སྤྱོད་བཟོ་དགོཔ་མ་ཚད་ རྒན་རྒས་ དེ་ལས་ ཨམ་སྲུ་ཨ་ལོ་ཆགས་མི་ཚུ་གིས་ཡང་ གསང་སྤྱོད་ཀྱི་ཞབས་ཏོག་སྤྱོད་ཚུགས་པའི་ ཐབས་ཤེས་རིག་པ་ ཐབས་རིག་ སྦྱོང་བརྡར་ལས་རིམ་ དེ་ལས་ མི་མང་གྲོས་བསྟུན་ཞལ་འཛོམས་ཐོག་ལས་ ཤེས་ཡོན་སྤེལ་དགོཔ་གལ་ཆེ་ཟེར་ དབང་པོ་སྐྱོན་ཅན་གྱི་ ཕམ་དང་ འགོ་དཔོན་ཚུ་གིས་ སླབ་ཨིན་པས།
སྙན་ཞུ།
འབྲུག་དབང་པོ་སྐྱོན་ཅན་ཚོགས་སྡེའི་ལོ་བསྟར་སྣ་ཚོགས་སྙན་ཞུ་༢༠༢༠ ཅན་མ་དང་འཁྲིལཝ་ད་ འབྲུག་གི་མི་རློབས་དང་ཁྱིམ་ཀྱི་གྲངས་རྩིས་༢༠༡༧ མའི་ནང་ འབྲུག་གི་མི་རློབས་ཡོངས་བསྡོམས་ལས་ བརྒྱ་ཆ་༢.༡ འབད་མི་དེ་ དབང་པོ་སྐྱོན་ཅན་གྱི་གྲངས་སུ་ཚུད་དེ་འདུག་ཟེར་ཨིནམ་ད་ དེ་ཡང་ ཨམ་སྲུ་༨,༡༡༡ དང་ ཕོ་སྐྱེས་༧,༤༥༦ ཨིན་པས།
དབང་པོ་སྐྱོན་ཅན་འབད་མི་བརྒྱ་ཆ་༢.༡ གི་གྲས་ལས་ བརྒྱ་ཆ་༡༠.༩ འབད་མི་དེ་ དབང་པོ་སྐྱོན་ཅན་ཨིན་རུང་ ཐོ་དུམ་གྲ་ལས་བརྒལ་མ་ཕོག་མི་དང་ བརྒྱ་ཆ་༢.༢ འབད་མི་དེ་ རན་ཏོག་ཏོ་ཅིག་སྦེ་ དབང་པོ་ལུ་ ཐོ་ཕོག་མི་ དེ་ལས་ བརྒྱ་ཆ་༡ དེ་ དབང་པོ་ལུ་ སྐྱོན་ཤུགས་སྦེ་ཕོག་མི་ཚུ་འདུག་ཟེར་ཨིན་པས།
འབྲུག་ལུ་འབད་བ་ཅིན་ དབང་པོ་སྐྱོན་ཅན་ཚུ་ཡང་ ལོ་གཞོནམ་ཚུ་དང་ཕྱདཔ་ད་ སྐྱེས་ལོ་༧༥ ལང་མི་ལས་ཡན་ཆད་འབད་མི་ཚུ་གི་ དབང་པོ་ལུ་ སྐྱོན་ཕོག་མི་མཐོ་ཤོས་དང་ རྒྱལ་སྤྱི་འཛམ་གླིང་གི་གནས་ཚད་ནང་ འཛམ་གླིང་གི་མི་འབོར་ཡོངས་བསྡོམས་ལས་ དབང་པོ་སྐྱོན་ཅན་འབད་མི་དེ་ བརྒྱ་ཆ་༡༥ ཡོདཔ་སྦེ་ སྙན་ཞུ་འབད་ནུག།
འགྲོ་བ་མིའི་དབང་ཆ་དང་ གཞི་རྟེན་དལ་དབང་དང་འབྲེལ་མཐུན་གྱི་ མཐུན་རྐྱེན་ཚུ་མེདཔ་ལས་ ཉིན་ཚན་མེད་པར་ སྡོད་སའི་ས་གོ་ཅིག་ནང་མ་གཏོགས་ ཁྲོམ་བཤལ་ནི་དང་ ལྷ་ཁང་ དགོན་སྡེ་ རྫོང་གཞིས་ དགའ་སྟོན་བརྩི་སྲུང་ སྤྲོ་སྟོན་ལས་རིམ་ཚུ་ནང་ གྲལ་གཏོགས་འབད་ནིའི་གོ་སྐབས་མེད་པར་ སྡོད་དགོཔ་བྱུང་སྟེ་ཡོད་ཟེར་ དབང་པོ་སྐྱོན་ཅན་གྱི་ ཕམ་ཚུ་གིས་ སླབ་ཨིན་པས།
འཛམ་གླིང་རྒྱལ་ཁབ་གནམ་ལང་ཡོདཔ་བཞིན་དུ་ འབྲུག་རྒྱལ་ཁབ་ནང་ཡང་ དེང་སང་དང་བསྟུན་པའི་ ཨང་གནས་ཅན་གྱི་ གཞི་རྟེན་མཐུན་རྐྱེན་དང་ འཕྲུལ་རིག་སྣ་ཚོགས་ཚུ་ ལག་ལེན་འཐབ་སྟེ་ ལེགས་བཅོས་དང་ གཞི་བསྒྱུར་ཐོག་ལས་ བཟོ་སྐྲུན་ཚུ་ འགོ་འདྲེན་འཐབ་ནི་ཡོདཔ་མ་ཚད་ འབྲུག་གི་རྩ་ཁྲིམས་ཆེན་མོ་དང་ གཞུང་གི་སྲིད་བྱུས་དང་ སྒྲིག་གཞི་ཚུ་ཡོད་རུང་ དབང་པོ་སྐྱོན་ཅན་ཚུ་གི་དོན་ལུ་ དམིགས་བསལ་གྱི་ གཞི་རྟེན་མཐུན་རྐྱེན་ཚུ་ མཁོ་སྒྲུབ་འབད་དེ་ མིན་འདུག་ཟེར་ སླབ་ཨིན་པས།
མ་འོངས་འཆར་གཞི།
དུས་རབས་༢༡ པ་དང་ རྒྱལ་ཁབ་ཀྱི་དཔལ་འབྱོར་གོང་འཕེལ་གྱི་གནས་སྟངས་དང་བསྟུན་ ཐིམ་ཁྲོམ་སྡེའི་ མི་མང་གསང་སྤྱོད་དེ་ཡང་ སྒྲིང་ཁྱིམ་སྦེ་ བཟོ་སྐྲུན་འབད་ཞིནམ་ལས་ གློག་ཆས་པར་བཏབ་མི་ཚུ་ཡང་ གཞི་བཙུགས་འབད་བ་ཅིན་ ནང་འཁོད་ཀྱི་ མི་སེར་དང་ དབང་པོ་སྐྱོན་ཅན་ཚུ་གི་དོན་ལུ་ རྐྱངམ་གཅིག་མེན་པར་ ལོ་བསྟར་བཞིན་དུ་ རྒྱལ་སྤྱིའི་ལྟ་བཤལཔ་སྟོང་ཕྲག་ལས་བཅད་འོང་དོ་ཡོདཔ་ལས་ སྤྱིར་བཏང་ ག་ར་གིས་ ཁེ་ཕན་ཡོདཔ་སྦེ་ བཟོ་ནིའི་དུས་ཚོད་རན་ཆི་ནུག་ཟེར་ མི་སེར་ཚུ་གིས་ སླབ་ཨིན་པས།
དབང་པོ་སྐྱོན་ཅན་ལེ་ཤ་ཅིག་ལུ་ དཀའ་ངལ་སྦོམ་ཤོས་དང་ རྒྱ་ཆེ་ཤོས་ར་ ཕམ་སྤུན་ཆ་དང་ ཆ་རོགས་ཚུ་ལུ་ རེ་མ་དགོ་པར་ ཁོང་རང་གིས་ར་ གསང་སྤྱོད་ཀྱི་ཞབས་ཏོག་སྤྱོད་ཚུགས་པའི་ རང་དབང་གི་མཐུན་རྐྱེན་ དཔེ་འབད་བ་ཅིན་ མི་མང་གསང་སྤྱོད་ནང་ རྐང་ཁྲི་འཁོར་ལོ་ཅནམ་བདའ་སྟེ་ འགྱོ་ཚུགས་པའི་ ཁྲོམ་སྡེའི་ནང་ལམ་དང་ མི་མང་གསང་སྤྱོད་ཚུན་གྱི་ལམ་ དེ་ལས་ གསང་སྤྱོད་ནང་ དམིགས་བསལ་དུ་ རྐང་ཁྲི་འཁོར་ལོ་ཅནམ་ཤོང་ཚུགས་པའི་ས་གོ་དང་ ལགཔ་བཟུང་ནིའི་མཐུན་རྐྱེན་ཚུ་ དགོཔ་གལ་ཆེ་བས་ཟེར་ཨིན་པས།
དེ་འབདཝ་ལས་ ལས་རིམ་འགོ་དཔོན་ཚེ་གྲུབ་རྡོ་རྗེ་གིས་ སླབ་མིའི་ནང་ ཁྲིམས་ལུགས་དང་ ཐབས་བྱུས་ བཅའ་ཁྲིམས་ དེ་ལས་ སྲིད་བྱུས་ཚུ་ བསྟར་སྤྱོད་འབད་ཐབས་ལུ་ གཞུང་དང་ ལས་སྡེ་ཁག་གི་བར་ན་ མཉམ་འབྲེལ་ཐོག་ལས་ གྲོས་བསྟུན་དང་ གསུང་གྲོས་ཚུ་གནང་ཞིནམ་ལས་ འབྲུག་མི་ག་ར་དང་ དམིགས་བསལ་དུ་ དབང་པོ་སྐྱོན་ཅན་དང་ ཨམ་སྲུ་ཨ་ལོ་ཆགས་མི་ དེ་ལས་ རྒན་ཤོས་ཚུ་གི་དོན་ལུ་ ཉེར་བར་མཁོ་བའི་ མི་མང་གསང་སྤྱོད་ཚུ་ནང་ དགོས་མཁོ་དང་འཁྲིལ་བའི་ གཞི་རྟེན་མཐུན་རྐྱེན་ཚངམ་སྦེ་ བཙུགས་ནིའི་དུས་ཚོད་ཅིག་ཨིན་ཟེར་ཨིན་པས།
གལ་སྲིད་ སྲིད་བྱུས་དང་ འཆར་གཞི་ ཁྲིམས་ལུགས་ཚུ་མེད་པ་ཅིན་ འབྲེལ་བ་ཡོད་པའི་གཙུག་སྡེ་དང་ དབང་འཛིན་ ཁྲོམ་སྡེ་ ལྷན་ཁག་ དེ་ལས་ གཞུང་གིས་ ཞིབ་འཚོལ་འབད་ཞིནམ་ད་ ཉེར་བར་མཁོ་བའི་ དབང་པོ་སྐྱོན་ཅན་དང་ ཨམ་སྲུ་ཨ་ལོ་ཆགས་མི་ དེ་ལས་ རྒན་རྒས་ཚུ་གི་དོན་ལུ་ ཁྲོམ་སྡེ་ནང་ རྐང་ཁྲི་འཁོར་ལོ་ཅནམ་འགྱོ་ནིའི་ལམ་དང་ རྒན་རྒས་ཚུ་ འགྱོ་ནིའི་ལམ་གྱི་མཐུན་རྐྱེན་ དེ་ལས་ མི་མང་གི་གསང་སྤྱོད་ཀྱི་མཐུན་རྐྱེན་ཚུ་ཡང་ འོས་འབབ་ཡོདཔ་སྦེ་བཟོ་བའི་ཁར་ དོན་སྨིན་ཅན་སྦེ་གཞི་བཙུགས་འབད་དགོཔ་གལ་ཆེ་བས་ཟེར་ཨིན་པས།
ཐིམ་ཕུག་སྡོད་མི་ འཇིགས་མེད་རྡོ་རྗེ་གིས་ སླབ་མིའི་ནང་ ཁྲོམ་སྡེ་ནང་ མི་མང་གི་གསང་སྤྱོད་མང་ཤོས་ཅིག་ རྙིངམོ་ཨིནམ་ལས་ ཉིན་བསྟར་བཞིན་དུ་ ཐིམ་ཁྲོམ་ནང་ ཕྱི་རྒྱལ་ལྟ་བཤལཔ་དང་ ཕྱི་རྒྱལ་ལས་ མཁས་མཆོག་དང་ ཚོང་འབྲེལ་བ་ལེ་ཤ་ཅིག་ར་འོང་དོ་ཡོདཔ་ལས་ མི་མང་གི་གསང་སྤྱོད་ཚུ་ རྒྱལ་སྤྱིའི་གནས་ཚད་དང་འཁྲིལ་ སྒྲིང་ཁྱིམ་ཅིག་སྦེ་ བཟོ་སྐྲུན་འབད་དགོཔ་མ་ཚད་ དེ་ཁར་ དམིགས་བསལ་དུ་ དབང་པོ་སྐྱོན་ཅན་དང་ སྤྱིར་བཏང་ རྒན་རྒས་ དེ་ལས་ ཨམ་སྲུ་ཨ་ལོ་ཆགས་མི་ཚུ་གི་དོན་ལུ་ ཉེན་སྲུང་དང་ལྡན་པའི་ གསང་སྤྱོད་བཟོ་སྐྲུན་འབད་དགོ་པའི་གཞི་གནད་ཅིན་ཨིན་ཟེར་ཨིན་པས།
རྩ་ཁྲིམས་ཆེན་མོ་དང་ སྲིད་བྱུས་ དེ་ལས་ ལམ་སྟོན།
འབྲུག་གི་རྩ་ཁྲིམས་ཆེན་མོའི་རྩ་ཚན་༧ པ་ གཞི་རྟེན་ཐོབ་དབང་ལུ་ དོན་ཚན་༡ པའི་ནང་ མི་ངོ་ཆ་མཉམ་ལུ་ ཚེ་སྲོག་དང་ འདོད་དབང་ རང་སོའི་བདེ་སྲུང་གི་ཐོབ་དབང་ཡོད་པའི་ཁར་ ཁྲིམས་ཀྱི་རིམ་གྱིས་པ་དང་འཁྲིལ་ཏེ་མ་གཏོགས་ ཐོབ་དབང་དེ་ཚུ་ལས་ འབྲལ་ཐབས་བསྒྲིག་ནི་མེད་ཟེར་འཁོད་དེ་འདུག།
དོན་ཚན་༧ པའི་ནང་ འབྲུག་པའི་མི་སེར་ཅིག་ལུ་ འབྲུག་རྒྱལ་ཁབ་ནང་འཁོད་འགྲོ་འགྲུལ་དང་ སྡོད་གནས་ཀྱི་དལ་དབང་ལུ་ ཐོབ་དབང་ཡོདཔ་བཞིན་དུ་ སྤྱི་གཡོག་གྲལ་ཁར་གཏོགས་ནི་ལུ་ འཛུལ་ཞུགས་དང་ གོ་སྐབས་འདྲ་མཉམ་གྱི་ཐོབ་དབང་ཡོད་ཟེར་འཁོད་ཡོདཔ་ཨིན་པས།
གཞི་རྟེན་ཐོབ་དབང་གི་དོན་ཚན་༡༥ པ་དང་འཁྲིལཝ་ད་ ཁྲིམས་ཀྱི་འོག་ལུ་ མི་ག་ར་འདྲ་མཉམ་ཨིནམ་ད་ དེ་ཚུ་ལུ་ གནད་དུ་སྨིན་པའི་ཁྲིམས་ཀྱི་ ཉེན་སྐྱོབ་དང་ འདྲ་མཉམ་གྱི་ཐོབ་རིམ་ཡོདཔ་ལས་ རིགས་རུས་ ཡང་ཅིན་ ཕོ་མོ་ སྐད་ཡིག་ ཆོས་ལུགས་ སྲིད་དོན་ ཡང་ཅིན་ གནས་འབབ་གཞན་ལུ་བརྟེན་ ཕྱོགས་རིས་ཕྱེ་ནི་མེད་ཟེར་ཨིན་པས།
མི་ཅིག་ལུ་ མནར་གཅོད་ ཡང་ཅིན་ གདུག་རྩུབ་ མི་སྤྱོད་ལས་འགལ་བ་ དམའ་འབེབས་ཀྱི་ཉེས་སྤྱོད་ ཡང་ཅིན་ ཉེས་ཁྲིམས་ཀྱི་དབང་ལུ་ བསྡུ་ནི་མེད་ཟེར་ཨིན་པས།
དེ་བཟུམ་སྦེ་ རྩ་ཁྲིམས་ཆེན་མོའི་རྩ་ཚན་༩ པ་ རྒྱལ་ཁམས་ཀྱི་སྲིད་བྱུས་གཞི་རྩ་གི་ དོན་ཚན་༡ པ་ རྒྱལ་ཁམས་ཀྱིས་ འཛམ་གླིང་འདི་ནང་ ཞི་བདེ་དང་ མཐུན་ལམ་ལུ་ བརྩོན་པའི་ཡར་འཕེལ་ཅན་དང་ ཕུན་སུམ་ཚོགས་པའི་རྒྱལ་ཁབ་ཅིག་ནང་ འབརུག་པའི་ མི་སེར་ཚུ་གི་དོན་ལུ་ སྤུས་ཚད་ལེགས་ལྡན་གྱི་ མི་ཚེ་ངེས་གཏན་འབྱུང་ཐབས་ལུ་ རྩ་ཚན་འདི་ནང་བཀོད་དེ་ཡོད་པའི་ རྒྱལ་ཁམས་ཀྱི་སྲིད་བྱུས་གཞི་རྩ་ཚུ་ སྦྱོར་འཇུག་འབད་ནི་ལུ་ བརྩོན་ཤུགས་བསྐྱེད་དགོ་ཟེར་ཨིན་པས།
རྩ་ཚན་དེ་གི་འོག་ལུ་ དོན་ཚན་༣ པ་ རྒྱལ་ཁམས་ཀྱིས་ ཁྲིམས་ཀྱི་རིང་ལུགས་ལུ་གཞི་བཞག་པའི་ འགྲོ་བ་མིའི་ཐོབ་དབང་དང་ ཆུ་མཐོང་གི་ཉེན་སྐྱོབ་ གཉའ་གནོན་དང་ཕྱོགས་རིས་ འཚེ་བ་ལས་གྲོལ་བའི་ མི་སྡེ་ཅིག་བཟོ་ནི་དང་ མི་སེར་གྱི་གཞི་རྟེན་ཐོབ་དབང་དང་ དལ་དབང་ཚུ་ ངེས་གཏན་ཡོདཔ་བཟོ་ནི་ལུ་ བརྩོན་ཤུགས་བསྐྱེད་དགོ་ཟེར་འཁོད་དེ་འདུག།
དབང་པོ་སྐྱོན་ཅན་ཚུ་གིས་ སླབ་མིའི་ནང་ འབྲུག་གི་ཁྲིམས་ལུགས་དང་ བཅའ་ཁྲིམས་ སྲིད་བྱུས་ ག་ཅི་ལས་ཡང་ལྷག་སྟེ་ འབྲུག་གི་རྩ་ཁྲིམས་ཆེན་མོ་ཡོད་རུང་ དབང་པོ་སྐྱོན་ཅན་ཚུ་གིས་ འབྲུག་པའི་མི་སེར་ཚུ་གི་ཆ་གནས་ལས་ ག་ཅི་སྦེ་ གོ་སྐབས་འདྲ་མཉམ་སྦེ་ ཞབས་ཏོག་ཚུ་ སྤྱོད་མ་ཚུགསཔ་ཨིན་ན་ གཞུང་གི་ སྲིད་བྱུས་དང་ འཆར་གཞི་བརྩམ་མི་ཚུ་གིས་ ག་ཅི་སྦེ་ རྩ་ཁྲིམས་ཆེན་མོའི་དགོངས་དོན་དང་འཁྲིལ་ ལཱ་འབད་མ་ཚུགསཔ་ཨིན་ན་ཟེར་ དྲི་བ་ཚུ་ བཀོདཔ་ཨིན་པས།
དབང་པོ་སྐྱོན་ཅན་དེ་ མི་ག་ར་ལུ་ འབྱུང་སྲིད་ནི་ཨིནམ་ལས་ རང་ལྕོགས་གྲུབ་དང་ ལོ་ན་གཞོནམ་སྦེ་སྡོད་པའི་སྐབས་ སྒྲིང་ཁྱིམ་བཟོ་སྐྲུན་རུང་ སྡོད་སའི་ས་གོ་ཚུ་ བཟོཝ་ད་ དབང་པོ་སྐྱོན་ཅན་དང་ རྒན་རྒས་ཀྱི་གནས་སྟངས་དང་མཐུནམ་སྦེ་ གསང་སྤྱོད་ཀྱི་མཐུན་རྐྱེན་ཚུ་ མཁོ་སྒྲུབ་དང་ བཟོ་དགོཔ་གལ་ཆེ་བས་ཟེར་ འགོ་དཔོན་ཚུ་གིས་ སླབ་ཨིན་པས།
མི་མང་གསང་སྤྱོད་ཚུ་ནང་ དབང་པོ་སྐྱོན་ཅན་དང་ ཨམ་སྲུ་ཨ་ལོ་ཆགས་མི་ དེ་ལས་ རྒན་རྒས་ཚུ་དང་ འབྲེལ་མཐུན་པའི་གཞི་རྟེན་མཐུན་རྐྱེན་ཡོད་མེད་དང་ ད་ལས་ཕར་ འཆར་གཞི་དང་ལས་སྣ་ཚུ་གི་སྐོར་ གནས་ཚུལ་དེ་ འབྲུག་བརྡ་བརྒྱུད་གཞི་ཚོགས་དང་ བྷུ་ཊཱན་གསང་སྤྱོད་ལས་སྡེ་ དེ་ལས་ ཕཱན་ས་མ་དངུལ་རྒྱབ་སྐྱོར་ཐོག་ལས་ བསྡུ་སྒྲིག་འབད་ཡོད་པའི་གནས་ཚུལ།