༉ དུས་ཅི་ སྤྱི་ཟླ་༣ པ་དང་ཕྱདཔ་ད་ སྤྱི་ཟླ་༦ པའི་ ནང་ མི་མང་བུ་ལོན་དེ་ དངུལ་ཀྲམ་ཐེར་འབུམ་༧.༩ ལུ་ལྷོད་མི་དེ་ བརྒྱ་ཆ་༢.༧ དེ་ཅིག་ མར་བབས་སོང་ནུག།
དངུལ་རྩིས་ལྷན་ཁག་དང་ འཁྲིལ་བ་ཅིན་ མི་མང་བུ་ལོན་ དངུལ་ཀྲམ་ཐེར་འབུམ་༢༨༥ ལུ་ ལྷོད་མི་དེ་ རྩིས་ལོ་༢༠༢༣-༢༤ ལུ་ ནང་འཁོད་ཐོན་སྐྱེད་ཡོངས་འབོར་ བརྒྱ་ཆ་༡༠༦.༩ ཚོད་རྩིས་བཏོན་མི་དང་ འདྲན་འདྲ་ཨིན་པས།
དེ་ཡང་ གཙོ་བོ་ར་ ནང་འཁོད་བུ་ལོན་ དངུལ་ཀྲམ་ཐེར་འབུམ་༡༠.༤༩ འབདཝ་ད་ བརྒྱ་ཆ་༣༢.༨ དེ་ཅིག་ མར་བབས་སོང་མི་ལུ་བརྟེན་ ཨིནམ་བཞིན་དུ་ སྤྱི་ཟླ་༦ པ་ཚུན་ལུ་ ནང་འཁོད་བུ་ལོན་དེ་ དངུལ་ཀྲམ་ཐེར་འབུམ་༢༡.༤༨ ལུ་ ལྷོད་ཡོདཔ་ཨིན་པས།
ནང་འཁོད་ཐོན་སྐྱེད་ཡོངས་འབོར་ལུ་ ནང་འཁོད་མི་མང་བུ་ལོན་ བརྒྱ་ཆ་༡༢ ལས་༨ ལུ་ མར་བབས་སོང་ཡོདཔ་ལས་ མི་མང་བུ་ལོན་ཡོངས་བསྡོམས་ བརྒྱ་ཆ་༡༠.༩ ལས་ བརྒྱ་ཆ་༧.༥ ལུ་ མར་བབས་སོང་ཡོདཔ་ཨིན་པས།
ནང་འཁོད་བུ་ལོན་ནང་ འཐེབ་བཏོན་དངུལ་གྱི་རྩིས་ཆད་ དངུལ་ཀྲམ་ས་ཡ་༣༧༩.༣༡ དང་ དངུལ་ཀྲམ་ཐེར་འབུམ་༢༡.༡ དེ་ གཞུང་གི་གན་ལེན་དངུལ་འཛིན་ཨིན་པས།
དངུལ་རྩིས་ལྷན་ཁག་གིས་ བཀོད་མིའི་ནང་ རྒྱལ་ཡོངས་སི་ཨེས་ཨའི་དངུལ་ཁང་དེ་ འབྲུག་གོང་འཕེལ་དངུལ་ཁང་དང་ མཉམ་སྡེབ་འབད་བའི་སྐབས་ བརྗེ་སོར་ལེན་མི་དངུལ་ཁང་གི་ རྒྱུ་དངོས་ཕོག་ལམ་རྩིས་ཁྲ་ བདེ་སྒྲིག་འབད་ནིའི་དོན་ལུ་ ལྷན་ཁག་གིས་ སྐྱིན་འགྲུལ་གྱི་ གཞི་བཀོད་བསྐྱར་ཞིབ་ འབད་ཡོདཔ་ཨིན་པས།
ལྷན་ཁག་གིས་ བཀོད་མིའི་ནང་ རྒྱལ་ཡོངས་སི་ཨེསི་ཨའི་དངུལ་གྱི་དོན་ལུ་ སྐྱིན་འགྲུལ་དངུལ་ཀྲམ་ས་ཡ་༧༠༠ ལེན་མི་དེ་ ལོ་༡༠ གྱི་ གཞུང་གི་གན་ལེན་དངུལ་འཛིན་སྦེ་ བདེ་སྒྲིག་འབད་ཡོདཔ་ད་ གན་ལེན་ཡོངས་བསྡོམས་ དངུལ་ཀྲམ་ཐེར་འབུམ་༢.༣ ལས་ དངུལ་ཁང་དང་ དངུལ་ཀྲམ་ས་ཡ་༨༠༠ ཡོདཔ་ཨིན་པས།
དུས་ཅི་ སྤྱི་ཟླ་༤ པའི་ཚེས་༡༡ ལུ་ གཞུང་གི་ལོ་༥ འི་གན་ལེན་ དངུལ་ཀྲམ་ཐེར་འབུམ་༡ དེ་ རྩིས་གྲུབ་ཅི་ཟེར་ དངུལ་རྩིས་ལྷན་ཁག་གིས་ བཀོད་ཡོདཔ་ཨིན་པས།
དེ་ཡང་ གཞུང་གི་བུ་ལོན་གྱི་ ཐབས་བྱུས་ཡར་དྲག་དང་ མ་འོངས་སྐྱེད་ཀྱི་འགན་འཁྲི་མར་ཕབ་ དེ་ལས་ རྩིས་ཆད་རྒྱུན་སྐྱོང་འབད་ནི་གི་ བརྡ་མཚོན་སྟོནམ་ཨིན་པས།
མ་དངུལ་ཚུ་ ལེགས་ཤོམ་སྦེ་ རྒྱུན་སྐྱོང་འཐབ་ནི་དང་ དགོས་མཁོ་མེད་པའི ཟད་འགྲོ་གཏང་ནི་ལས་འཛེམ་སྟེ་ དངུལ་ཁུངས་སྒྲིང་སྒྲི་བཟོ་ཐབས་ལུ་ དངུལ་རྩིས་ལྷན་ཁག་གིས་ མཛོད་དངུལ་འཛིན་ཤོག་ནང་ཡོད་པའི་ ཏི་རུ་ཚུ་ ཕུད་རྡོག་ཅིག་ར་མེདཔ་སྦེ་ མཉམ་སྡེབ་རྩིས་ཁྲ་ སྒོ་བསྡམས་ཡོདཔ་ཨིན་པས།
དུས་ཅི་ སྤྱི་ཟླ་༣ པའི་ནང་ མཛོད་དངུལ་འཛིན་ཤོག་ནང་ ནང་འཁོན་བུ་ལོན་ དངུལ་ཀྲམ་ཐེར་འབུམ་༩༨.༧ ཡོདཔ་ཨིན་པས།
ཨིན་རུང་ ཕྱིའི་བུ་ལོན་དེ་ དངུལ་ཀྲམ་ཐེར་འབུམ་༢.༥༨ འབདཝ་ད་ བརྒྱ་ཆ་༡ དེ་ཅིག་ ཡར་འཕར་སོང་སྟེ་ དུས་ཅི་ སྤྱི་ཟླ་༦ པ་ཚུན་ལུ་ བུ་ལོན་ཡོངས་བསྡོམས་ དངུལ་ཀྲམ་ཐེར་འབུམ་༢༦༣.༧ ལུ་ལྷོད་མི་དེ་ མི་མང་བུ་ལོན་ལས་ བརྒྱ་ཆ་༩༢.༥ གི་རྩིས་ཨིན་པས།
དེ་ཡང་ གཞུག་གི་བུ་ལོན་ ཡར་སེང་སོང་མི་ལུ་བརྟེན་ཨིན་པས།
ཕྱིའི་བུ་ལོན་ཚུ་ཡང་ གཞུང་(གློག་མེ་བརྩིས་ཏེ་ ལས་འཛིན་ཚུ་གི་དོན་ལུ་ སྐྱིན་འགྲུལ་ལེན་ལེནམ) དང་ ལས་འཛིན་ དེ་ལས་ དངུལ་ཁང་ལྟེ་བ་ཚུ་ཨིནམ་བཞིན་དུ་ དངུལ་ཀྲམ་ཐེར་འབུམ་༢༤༠.༨༧ དང་ དངུལ་ཀྲམ་ཐེར་འབུམ་༡༢.༨༣ དེ་ལས་ དངུལ་ཀྲམ་ཐེར་འབུམ་༡༠ རེ་ ཡོདཔ་ཨིན་པས།
གློག་མེ་ལས་འགུལ་ མང་སྡེ་ཆུ་དང་ སྤུ་ན་གཙང་ཆུ་གློག་མེ་ལས་འགུལ་དང་པ་༢ པ་ ནི་ཀ་ཆུ་ དར་དཀར་ཆུ་ དེ་ལས་ བ་སོ་ཆུ་གློག་མེ་ལས་འགུལ་ཚུ་གི་ བུ་ལོན་དངུལ་ཀྲམ་ཐེར་འབུམ་༡༦༧.༡༩ ཡོད་མི་དེ་ མི་མང་བུ་ལོན་ཡོངས་བསྡོམས་ལས་ བརྒྱ་ཆ་༦༣.༤ གི་རྩིས་ཨིན་པས།
གློག་མེ་མིན་པའི་བུ་ལོན་དེ་ དངུལ་ཀྲམ་ཐེར་འབུམ་༩༦.༥༡ ཡོད་མི་ནང་ ཕྱིའི་བུ་ལོན་ཡོངས་བསྡོམས་ལས་ བརྒྱ་ཆ་༣༦.༦ ཡོདཔ་ཨིན་པས།
རྒྱ་གར་གྱི་ རུ་པི་དང་འབྲེལ་བའི་ བུ་ལོན་དངུལ་ཀྲམ་ཐེར་འབུམ་༡༧༢.༥༧ ཡོད་མི་དེ་ཡང་ ཕྱིའི་བུ་ལོན་ཡོངས་བསྡོམས་ལས་ བརྒྱ་ཆ་༦༥.༤ གི་རྩིས་ཨིན་པས།
ད་རེས་ བརྗེ་སོར་འབད་བཏུབ་པའི་ཏི་རུ་ ཡུ་ཨེསི་ཌོ་ལར་ཐེར་འབུམ་༡.༠༩ (དངུལ་ཀྲམ་ཐེར་འབུམ་༩༡.༡༤) ཡོདཔ་ཨིན་པས།
དངུལ་རྩིས་ལྷན་ཁག་དང་ འཁྲིལ་བ་ཅིན་ རྩིས་ལོ་༢༠༢༣-༢༤ ལུ་ གཞུང་གི་འོང་འབབ་ལས་ བུ་ལོན་བཏབ་དགོཔ་ བརྒྱ་ཆ་༢༦.༨ ཡོདཔ་ཨིན་པས།
སྐྱིན་ཚབ་བཏབ་དགོཔ་དེ་ཡང་ མི་མང་བུ་ལོན་འཛིན་སྐྱོང་སྲིད་བྱུས་༢༠༢༣ ཅན་མའི་ ཚད་གཞི་ནང་འཁོད་ཚུད་ཡོདཔ་བཞིན་དུ་ སྐྱིན་འགྲུལ་ཡོངས་བསྡོམས་ལས་ སྐྱིན་ཚབ་བཏབ་དགོཔ་དེ་ ནང་འཁོད་འོང་འབབ་ལས་ བརྒྱ་ཆ་༣༥ འོག་རྒྱུ་ཡོདཔ་སྦེ་ཨིན་པས།
དེ་བཟུམ་སྦེ་ དངུལ་ཁང་ལྟེ་བའི་ སྐྱིན་འགྲུལ་(འཆར་དངུལ་མིན་པའི་བུ་ལོན) དེ་ དངུལ་ཀྲམ་ཐེར་འབུམ་༩༩.༦༦ ཡོད་མི་ནང་ བརྒྱ་ཆ་༣༤.༩ དེ་ མི་མང་བུ་ལོན་དང་ ནང་འཁོད་ཐོན་སྐྱེད་ཡོངས་འབོར་དེ་ བརྒྱ་ཆ་༣༧.༣ གྱི་ཚོད་རྩིས་བཏོན་ཏེ་ ཡོདཔ་ཨིན་པས།
ལྷན་ཁག་གིས་ བཀོད་མིའི་ནང་ མི་མང་བུ་ལོན་འཛིན་སྐྱོང་སྲིད་བྱུས་༢༠༢༣ ཅན་མའི་ ཚད་གཞི་ནང་འཁོད་ལུ་ཡོདཔ་ད་ སྲིད་བྱུས་དང་འཁྲིལ་བ་ཅིན་ དངུལ་ཁང་ལྟེ་བའི་བུ་ལོན་དེ་ ལོ་བསྟར་ནང་འཁོད་ཐོན་སྐྱེད་ཡོངས་འབོར་ལས་ བརྒྱ་ཆ་༥༥ ནང་འཁོད་ལུ་ བཞག་དགོཔ་སྦེ་ཡོདཔ་ཨིན་པས།
གཞུང་གི་གན་ལེན་དེ་ དངུལ་ཀྲམ་ཐེར་འབུམ་༤.༤༤ ཡོད་མི་ཚུ་ རྩིས་ལོ་༢༠༢༣-༢༤ ལུ་ ནང་འཁོད་ཐོན་སྐྱེད་ཡོངས་འབོར་ཚོད་རྩིས་བཏོན་མི་ལས་ བརྒྱ་ཆ་༡.༧ ཨིན་པའི་གནས་ཚུལ།
ཨོ་རྒྱན་རྡོ་རྗེ།

Advertisement