༉ སྐྱེས་ལོ་༢༩ ལངམ་ད་ མོ་གིས་ མོ་རའི་ཨའི་དང སྤུན་ཆ་༦ ཡོདཔ་སྦེ་ ཤེས་རྟོགས་མ་འབྱུང་མི་ བཟའ་ཚང་དེ་ མཐོང་བའི་ཤུལ་ལས་ མོ་ལུ་ དགའ་བ་དང་ སྤྲོ་སྣང་ཚད་མེད་བྱུང་བའི་ གཞི་གནད་ཅིག་ལུ་ གྱུར་ཡོདཔ་ཨིན་པས།
ད་ལྟོ་ཚུན་ མོ་རའི་བཟའ་ཚང་ཚུ་ དགའ་བ་གླིང་ལུ་ ཨམ་སྲུ་དང་ཨ་ལུ་ཚུ་ བདག་འཛིན་འཐབ་སྟེ་ སྡོད་ཡོདཔ་ད་ དེ་བསྒང་ མོ་ར་སྐྱེས་ལོ་༡༣ ལང་མི་ བུམོ་ཅུང་ཅིག་གི་ གཅེས་སྐྱོང་པ་སྦེ་ སྡོད་ཡོདཔ་ཨིན་པས།
དེ་ཚེ་ གཡུས་ཁ་ལས་ སྤུན་ཆ་ཅིག་གིས་ དཔྱད་རིག་རྣམ་རྟོག་མེད་པར་ བརྒྱུད་འཕྲིན་འོང་སྟེ་ མོ་རའི་ཨའི་གྱོངས་ཡོད་པའི་ གནས་ཚུལ་བཤད་པའི་ཁར་ སྤུན་ཆ་ཚུ་གིས་ བཟའ་ཚང་ནང་ རྒྱུ་དངོས་ག་ཅི་ཡོད་མི་དེ་ བགོ་བཤའ་རྐྱབ་ནིའི་དོན་ལུ་ གཡུས་ཁར་འོང་དགོཔ་སྦེ་ སླབ་ཡོདཔ་ཨིན་པས།
མོ་གི་སྤུན་ཆ་ རྒས་ཤོས་ཅིག་གིས་ མོ་ལུ་ ཁོང་དང་གཅིག་ཁར་སྡོད་ཞིནམ་ལས་ ལོག་གཡུས་ཁར་ མི་ཚེ་སྐྱོང་དགོཔ་སྦེ་ཡང་ སླབ་ཡོད་རུང་ མོ་གིས་ བཟའ་ཚང་ལས་ ས་ཆ་ཆུང་ཀུ་ཅིག་ མོ་རའི་བགོ་བཤའ་སྦེ་ ལེན་ཞིནམ་ལས་ མོ་ར་སྡོད་ས་ ཧེ་པི་ཧཱོམ་དགའ་བ་གླིང་ནང་ ལོག་འོང་ནུག།
མོ་གི་སློབ་དཔོན་གྱིས་ སྙན་ཞུ་འབད་བའི་ཤུལ་ལས་ ཨམ་སྲུའི་ཆ་བཞག་དང་ལྕོགས་གྲུབ་ཡར་སྐྱེད་ལས་སྡེ་གིས་ ཨམ་སྲུ་དེ་ ཉེན་སྲུང་མེད་པའི་ས་གོ་ལས་ སྲོག་སྐྱབས་ཚུགས་ཡོདཔ་ཨིན་པས།
དེ་བསྒང་ མོ་ར་ སྐྱེས་ལོ་༡༣ ལས་བརྒལ་ མ་ལང་པར་ཡོདཔ་བཞིན་དུ་ ཐིམ་ཕུག་ལུ་ཡོད་པའི་ ཨམ་སྲུའི་ཆ་བཞག་དང་ལྕོགས་གྲུབ་ཡར་སྐྱེད་ལས་སྡེའི་ གློ་བུར་གཅེས་སྐྱོང་སྡོད་ཁྱིམ་ནང་བཞག་མི་ བུམོ་དང་པ་ཨིན་པས།
ཨམ་སྲུའི་ཆ་བཞག་དང་ལྕོགས་གྲུབ་ཡར་སྐྱེད་ལས་སྡེ་གིས་ ཕོ་མོའི་དབྱེ་བ་ལུ་བརྟེན་པའི་ རྩུབ་སྤྱོད་མེདཔ་བཟོ་ནི་དང་ དཀའ་ངལ་གྱི་གནས་སྟངས་ནང་ཡོད་མི་ ཨ་ལུ་ཚུ་གི་དོན་ལུ་ དགའ་བ་གླིང་གི་ཁྱིམ་དེ་ གཞི་བཙུགས་འབད་ཡོདཔ་ཨིན་པས།
ད་རེས་ མོ་ར་ སྐྱེས་ལོ་༣༠ ལང་ཡོདཔ་བཞིན་དུ་ མོ་གིས་ ཧེ་མ་ མོ་རང་ལུ་འབད་དོ་བཟུམ་སྦེ་ ཨམ་སྲུ་དང་ཨ་ལུ་༦༠ དེ་ཅིག་ལུ་ གཅེས་སྐྱོང་གི་ཞབས་ཏོག་ཚུ་ བྱིན་དོ་ཡོདཔ་ཨིན་པས།
མོ་གིས་ གཅེས་སྐྱོང་དང་འབྲེལ་བའི་ཞབས་ཏོག་ཚུ་བྱིན་ཏེ་ ཨ་ལུ་རྒན་ཤོས་ཅིག་ སློབ་རིམ་༡༢ པའི་ནང་ ལྷོད་དེ་ཡོདཔ་ཨིན་པས།
མོ་གི་དུས་ཚོད་ཚུ་ གནམ་ནུབ་མོ་ སྨན་ཁང་ནང་འགྱོ་ནི་དང་ རྨ་སྐྱོན་བྱུང་མི་ ཨ་ལུ་ཚུ་ལུུུུ་ སེམས་གསོ་འབད་ཞིནམ་ལས་ ཞི་བདེ་བྱིན་ནི་དང་ ཞབས་ཏོག་ཚུ་ འཕྲོ་མཐུད་དེ་ར་ བྱིན་དོ་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ མོ་ལུ་ སྦྱོང་བརྡར་མེད་རུང་ སྨན་བཅོས་འབད་ནི་དང་ སྨན་ཁང་ནང་འཁྱིད་ནི་ སློབ་གྲྭའི་མཁོ་ཆས་ལ་སོགས་པ་ཚུ་ བཀྲམ་སྤེལ་འབད་ནིའི་ རྒྱབ་སྐྱོར་ཚུ་ཡང་ བྱིན་དོ་ཡོདཔ་ཨིན་པས།
མོ་གིས་ སླབ་མིའི་ནང་ ད་རེས་ནངས་པའི་ ཨ་ལུ་ཚུ་གིས་ ག་ཅི་དགོཔ་ཅིག་ ལྷང་དོ་ཡོད་རུང་ ད་ལྟོ་དང་ མོ་རའི་མི་ཚེ་བར་ན་ ཁྱད་པར་སྦོམ་ཡོདཔ་ད་ ཧེ་མ་འབད་བ་ཅིན་ མཐུན་རྐྱེན་ཚུ་ ཚད་གཅིག་ལས་བརྒལ་མེད་པའི་ཁར་ དོརམ་གསརཔ་ཅིག་ཐོབ་རུང་ གནམ་མེད་ས་མེད་ དགའ་ཚོར་བསྐྱེདཔ་ཨིན་ཟེར་ཨིན་པས།
མོ་རང་ལུ་བལྟ་མི་ བཟའ་ཚང་དང་ སྤུན་ཆ་ཚུ་མེདཔ་ལས་ ལྟོ་ཐོབ་སློབ་གྲྭ་ནང་ འཛུལ་ཞུགས་འབད་མ་ཚུགས་པར་ ལུས་ཡོདཔ་བཞིན་དུ་ ཆ་རོགས་བཟོ་ནི་ལུ་ཡང་ ཡངས་ཟ་སྟེ་ སྡོད་དགོཔ་བྱུང་དོ་ཡོདཔ་ཨིན་པས།
ངལ་གསོའི་སྐབས་ མོ་རའི་ཆ་རོགས་ཚུ་ ཁྱིམ་ནང་སོང་ཡོད་རུང་ མོ་ར་ གཅེས་སྐྱོང་སྡོད་ཁྱིམ་ནང་ར་ སྡོད་དོ་ཡོདཔ་ཨིན་པས།
ད་རེས་མོ་ར་ བསོད་ནམས་ཅན་གྱི་ མི་ངོམ་ཅིག་སྦེ་ ཡིད་ཆེས་བསྐྱེད་མི་དེ་ཡང་ ཧེ་མ་ མོ་རའི་ཁྱིམ་ནང་ ཉེན་སྲུང་མེད་པའི་སྐབས་ ཨམ་སྲུའི་ཆ་བཞག་དང་ལྕོགས་གྲུབ་ཡར་སྐྱེད་ལས་སྡེ་གིས་ མོ་ལུ་ བདག་འཛིན་འཐབ་མི་ཚུ་དང་གཅིག་ཁར་ སྡོད་ཁྱིམ་ཅིག་ བྱིན་མི་ལུ་བརྟེན་ཨིན་པས།
དེ་མ་ཚད་ མོ་ར་ སློབ་རིམ་༡༡ པའི་ནང་ འཕྲོ་མཐུད་ཤེས་ཡོན་སྦྱང་ནིའི་དོན་ལུ་ སྐུགས་ཚད་མ་ཐོབ་པའི་སྐབས་ལུ་ཡང་ སྒེར་གྱི་སློབ་གྲྭ་ཅིག་ནང་ གོ་སྐབས་ཐོབ་ཅི་ཟེར་ མོ་གིས་བཤདཔ་ཨིན་པས།
འབྲིང་རིམ་གོང་མའི་ ཤེས་ཡོན་མཇུག་བསྡུ་བའི་ཤུལ་ལས་ མོ་གིས་ བདེ་སྲུངཔ་འབད་དེ་ ཧཱ་གི་ ཆུའི་ལས་འགུལ་ནང་ གྲལ་གཏོགས་འབད་བའི་ཁར་ ནདས་ཡམས་སྐབས་ སྒྲིག་གཡོག་རྒྱུག་ཡོདཔ་མ་ཚད་ ཧུམ་ཕུར་རྐྱབ་ནི་དང་ ཚེམ་རྐྱབ་ནི་ལས་འགོ་བཙུགས་ སྦྱོང་བརྡར་ཁག་མ་འདྲཝ་ མཇུག་བསྡུ་མི་ཚུ་ཡང་ ཨམ་སྲུའི་ཆ་བཞག་དང་ལྕོགས་གྲུབ་ཡར་སྐྱེད་ལས་སྡེ་གི་ བཀྲིན་ཨིན་ཟེར་ མོ་གིས་ བཤདཔ་ཨིན་པས།
ལོ་དག་པ་ཅིག་གི་ཧེ་མར་ མོ་གིས་དགའ་མི་ ཕོ་སྐྱེས་ཅིག་དང་ ཕྱད་ཡོདཔ་ད་ ཁོ་ཡང་ མོ་གི་ འདས་པའི་ལོ་རྒྱུས་ཚུ་དང་ གདོང་ལེན་ཚུ་ལུ་མ་བལྟ་བར་ ངོས་ལེན་འབད་མི་ཅིག་ཨིན་པས།
ཁོ་གིས་ མོ་དང་ གཉེན་རྐྱབ་ཞིནམ་ལས་ ཐིམ་ཕུག་ལས་ ས་ཐག་རིང་སར་ འགྱོ་སྡོད་ནི་གི་ རེ་བ་ཡོདཔ་མ་ཚད་ མོ་གིས་འབད་རུང་ དེ་ལུ་ ངོས་ལེན་འབད་ཡོདཔ་ཨིན་པས།
མ་གཞི་ ཁོ་གི་གནས་སྐབས་ལུ་ ངོས་ལེན་འབད་ཡོད་རུང་ ཨམ་སྲུའི་ཆ་བཞག་དང་ལྕོགས་གྲུབ་ཡར་སྐྱེད་ལས་སྡེ་ལུ་ ཧེ་མ་ མོ་ལུ་རྒྱབ་སྐྱོར་འབད་མི་ལུ་ དགའ་ཚོར་སྦེ་ དགའ་བ་གླིང་ལུ་ ལཱ་འཕྲོ་མཐུད་འབད་ནིའི་ རེ་འདོད་ཡོདཔ་ལས་ འགྱོ་མ་ཚུགསཔ་ཨིན་པས།
གནད་དོན་དེ་ལུ་ ཁོ་གིས་ ངོས་ལེན་འབད་དེ་ མོ་ར་ གཅེས་སྐྱོང་སྡོད་ཁྱིམ་ནང་ ལཱ་འཕྲོ་མཐུད་དེ་ འབད་བཅུག་ཡོདཔ་བཞིན་དུ་ ས་གོ་དེ་ མོ་རའི་དོན་ལུ་ ག་དེམ་ཅིག་ ཁག་ཆེ་དྲགས་ཅིག་ཨིན་ན་ ལེགས་ཤོམ་སྦེ་ ཧ་གོ་ཟེར་ མོ་གིས་ བཤདཔ་ཨིན་པས།
གལ་སྲིད་ མོ་གིས་ དགའ་བ་གླིང་ལུ་ ཞབས་ཏོག་ཞུ་ཚུགས་པ་ཅིན་ མོ་ལུ་ དགོཔ་ག་ནི་ཡང་མེད་ཟེར་ མོ་གིས་ བཤདཔ་ཨིན་པའི་གནས་ཚུལ།
བཅོ་ལྔ་ལྷམོ།