༉ འབྲུག་རྒན་ཤོས་མི་ཁུངས་༢༠༢༣ ཅན་མའི་ རྒྱལ་ཡོངས་སྲིད་བྱུས་དེ་ ད་ལྟོ་ མཐའ་བཅད་བཟོ་བའི་བསྒང་ཡོདཔ་ད་ དེ་ཡང་ རྒྱལ་ཁབ་ནང་གི་ ལོ་དང་ན་ཚོད་རྒས་མི་ཚུ་ལུ་ མཉམ་འབྲེལ་དང་ སྣ་མང་སྡེ་ཚན་གྱི་ ཕན་བདེའི་ལས་རིམ་ ཁ་གསལ་ཚུ་ཡོདཔ་ཨིན་པས།
སྲིད་བྱུས་དེ་ཡང་ གཞུང་གི་ལས་སྡེ་ སྒེར་སྡེ་ མི་སྡེ་ཞི་བའི་ལས་ཚོགས་སོ་སོ་ཚུ་ལུ་ འགན་ཁུར་ཚུ་བཀལ་ཐོག་ལས་ རྒན་ཤོས་ཀྱི་མི་ཁུངས་ཚུ་ལུ་ ནང་འཁོད་སྤྱིར་སྙོམས་ཀྱི་ཞི་བདེ་དང་ མཐའ་སྐྱོང་ཧྲིལ་བུ་བྱིན་ཐབས་ལུ་ དམིགས་གཏད་བསྐྱེད་དོ་ཡོདཔ་ཨིན་པས།
ལྟེ་བའི་གཙུག་སྡེ་གཉིས་ ལྷན་རྒྱས་དང་ཐབས་བྱུས་མཉམ་འབྲེལ་ཡིག་ཚང་དང་ རྒྱལ་འཛིན་མི་སྡེ་རྒན་ཤོས་མི་ཁུངས་ཀྱི་ སྲིད་བྱུས་ལག་ལེན་ཚུ་ ལྟ་རྟོག་འབད་ནི་ཨིན་པས།
ལྷན་རྒྱས་དང་ ཐབས་བྱུས་མཉམ་འབྲེལ་ཡིག་ཚང་གིས་ སྲིད་བྱུས་ཀྱི་ལམ་སྟོན་བཟོ་ཐོག་ལས་ འབྲེལ་ཞུགས་ཅན་ཚུ་དང་གཅིག་ཁར་ མཉམ་འབྲེལ་འབད་ནི་ དགོས་མཁོ་ཅན་གྱི་ བདེ་སྒྲིག་ཡོད་མི་གི་ གྲུབ་འབྲས་ལུ་ དབྱེ་ཞིབ་འབད་ནི་ གཞུང་མིན་ལས་ཚོགས་དང་གཅིག་ཁར་ མཉམ་འབྲེལ་འབད་ནི་ སྲིད་བྱུས་ཀྱི་གནད་དོན་ཚུ་ལུ་ ཕན་ནུས་ཅན་གྱི་ ངེས་གཏན་བཟོ་ནི་ཚུ་ཡོདཔ་ཨིན་པས།
རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་ བཀོད་ཁྱབ་མདོ་ཆེན་ ཚེ་རིང་རྣམ་རྒྱལ་གྱིས་ བཤད་མིའི་ནང་ སྲིད་བྱུས་དེ་ གཞུང་གིས་ ཆ་འཇོག་འབད་ཡོདཔ་ད་ ལག་ལེན་འཆར་གཞི་དེ་ བསྐྱར་བཟོ་འབད་བའི་ བསྒང་ཡོདཔ་བཞིན་དུ་ ང་བཅས་ཀྱིས་ ལས་དོན་ལ་ལུ་ཅིག་ནང་ དབྱེ་བསལ་འབད་དགོཔ་འདུག་ཟེར་ཨིནམ་ད་ ལག་ལེན་གོང་འཕེལ་འཆར་གཞི་དེ་ ལྷན་རྒྱས་ཀྱིས་ འགོ་ཁྲིད་ཐོག་འབད་དོ་ཡོདཔ་ལས་ སྲིད་བྱུས་འདི་ལུ་ ཡིད་ཆེས་ཡོད་ཟེར་ཨིན་པས།
ཚེ་རིང་རྣམ་རྒྱལ་གྱིས་ བཤད་མིའི་ནང་ ལས་རིམ་ཚུ་ནང་ ལག་ལེན་འཆར་གཞི་དེ་ འབྲེལ་བ་ཅན་གྱི་ལས་ཚབ་ཚུ་དང་ གྲོས་བསྟུན་ཐོག་ འབད་མི་ལུ་བརྟེན་ ག་ར་གིས་ རྒྱབ་སྐྱོར་འབད་ཡོད་ཟེར་ཨིནམ་ད་ ལས་ཚབ་ཚུ་གིས་ ལས་དོན་འདི་དང་འཁྲིལ་ འབད་ནི་དང་ ཁོང་ལུ་འགན་འཁྲི་ཡང་ ཕོག་སྟེ་ཡོད་ཟེར་ཨིནམ་བཞིན་དུ་ སྲིད་བྱུས་ལག་ལེན་གྱི་དོན་ལུ་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱིས་ ལྟ་རྟོག་དང་ རྗེས་དཔྱད་འབད་ནི་ཨིན་ཟེར་ཨིན་པས།
སྲིད་བྱུས་ཀྱི་ ཟིན་འབྲི་དང་པའི་སྐབས་ལུ་ ལས་སྡེ་ངོ་ཚབ་ཚུ་ ག་ར་ཡོད་ཟེར་ཨིནམ་ལས་ ལག་ལེན་འཐབ་པའི་སྐབས་ལུ་ མ་བཏུབ་པའི་ དྲི་བ་བཀོད་མི་ཚུ་ མི་འཐོནམ་འོང་ཟེར་ཨིན་པས།
སྲིད་བྱུས་ལྟར་དུ་འབདཝ་ད་ ནང་སྲིད་ལྷན་ཁག་དེ་ སྔར་སྲོལ་དང་ ལམ་སྲོལ་ བཟའ་ཚང་གི་བརྩི་མཐོང་རྩ་བརྟན་དོན་ལུ་ འགན་འཁྲི་འབག་དགོ་ཟེར་ཨིན་པས།
ཤེས་རིག་ལྷན་ཁག་དེ་ ནང་འཁོད་སྤྱིར་སྙམས་ལས་དོན་ནང་ ལཱ་འབད་དགོཔ་ཡོད་མི་ཚུ་ཡང་ ཤེས་རིག་གི་གཙུག་སྡེ་དང་ ཤེས་ཡོན་སྤེལ་ནི་ མི་ཚེ་གནས་སྟངས་ཀྱི་ལས་རིམ་ཚུ་ རྒན་ཤོས་ཚུ་ལུ་ གཞི་རྟེན་ཤེས་ཡོན་གྱི་སྒོ་ལས་ འབད་ནི་ཨིན་ཟེར་ཨིན་པས།
རྒན་ཤོས་ཚུ་ལུ་ གསོ་བའི་འཕྲོད་བསྟེན་མཐའ་སྐྱོང་གི་དོན་ལུ་ གསོ་བ་ལྷན་ཁག་གིས་ གསོ་བའི་ཞབས་ཏོག་མཁོ་སྤྲོད་ཀྱི་དོན་ལུ་ ཁོང་གི་དགོས་མཁོ་དང་བསྟུན་ སྣ་ཚོགས་ལྟེ་བ་ཅིག་ གཞི་བཙུགས་འབད་དགོ་ཟེར་ཨིན་པས།
ཁྱིམ་བཟོ་དང་ གཞི་རྟེན་མཁོ་ཆས་ཀྱི་དོན་ལུ་ བརྡ་དོན་དང་ སྐྱེལ་འདྲེན་ལྷན་ཁག་ དེ་ལས་ ཁྱིམ་བཟོ་ལས་སྡེ་ཚུ་ལུ་ མི་རྒན་ཤོས་ཚུ་གི་ ཁྱིམ་བཟོ་སྐྲུན་ཐོག་ མཐའ་འཁོར་གནས་སྟངས་དོན་ལུ་ འགན་ཁུར་འབག་དགོ་ཟེར་ཨིན་པས།
དཔལ་འབྲུག་ཞིབ་འཇུག་དང་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ ཞིབ་འཇུག་དང་འབྲེལ་ རྒྱལ་ཡོངས་རྩིས་དཔྱད་བཀོད་འཛིན་གྱིས་ མི་རྒན་ཤོས་ཚུ་ལུ་ གནོད་པ་ཡོད་པའི་གནད་དོན་ཚུ་ སྲིད་བྱུས་བཟོ་བའི་བདེན་དཔྱད་དང་བསྟུན་ ཞིབ་འཚོལ་ཚུ་འབད་ནི་ཨིན་ཟེར་ཨིན་པས།
ཆོས་ཕྱོགས་ཀྱི་ཁ་ཐུག་ལས་ མི་རྒན་ཤོས་ཚུ་ལུ་ སེམས་ཁམས་དང་འབྲེལ་བའི་ ཕན་ཐོགས་ཅན་གྱི་ ཆོས་འབྲེལ་གཞི་བཙུགས་འབད་ནི་དང་ ས་གནས་གཞུང་གིས་ གོང་འཕེལ་འཆར་གཞི་དང་ མི་སྡེ་ལས་རིམ་སྲིད་བྱུས་ཀྱི་ འགན་ཁུར་འབག་མི་ འགོ་དཔོན་ཅིག་ བསྐོ་བཞག་འབད་དགོ་ནི་ཨིན་པས།
དེ་ལས་ གཞན་དང་གཞན་ཡང་ ལས་སྡེ་ཚུ་གིས་ གོང་འཕེལ་གྱི་དོན་ལུ་ དགོས་མཁོ་དང་བསྟུན་པའི་ ལས་སྣ་ཚུ་ འབད་དགོཔ་ལེ་ཤ་ཡོདཔ་ཨིན་པས།
རྒན་ཤོས་ཚུ་ལུ་ ཚུལ་མིན་དང་ མནར་གཅོད་འབད་ནི་ལས་ བཀག་ཐབས་དོན་ལུ་ རྒྱལ་གཞུང་འབྲུག་གི་འགག་སྡེ་གིས་ འགན་ཁུར་འབག་སྟེ་ ལྟ་རྟོག་འབད་ནི་ཨིན་པའི་གནས་ཚུལ།

ཚེ་རིང་དབང་འདུས།

Advertisement