༉ འཕྲལ་ཁམས་ཅིག་ཁར་ ཕུན་ཚོགས་གླིང་ལུ་ མེ་རྐྱེན་ཤོར་བའི་སྐབས་ ཨ་མོ་ཆུའི་ས་ཁོངས་ནང་ གནས་སྐབས་སྡོད་ཁྱིམ་རྐྱབ་མིའི་ ཁང་ཚན་༩༦ མེ་གིས་འཚིགས་བཏང་ཡོདཔ་ཨིན་པས།
ཨིན་རུང་ མི་ལུ་གནོད་སྐྱོན་བྱུང་བའི་ སྙན་ཞུ་མེདཔ་ཨིན་པས།
ཨ་མོ་ཆུའི་ས་ཁོངས་ནང་ གནས་སྐབས་སྡོད་ཁྱིམ་ཚུ་ནང་ ཁང་ཚན་༡,༠༠༠ ཡོདཔ་བཞིན་དུ་ སྡོད་ཁྱིམ་ཚུ་ རྒྱལ་ཁབ་ནང་ ཀོ་བིཌ་-༡༩ ཐོན་པའི་སྐབས་རྐྱབ་ཡོད་རུང་ ཤུལ་ལས་ ཨ་མོ་ཆུ་གནས་སྐབས་སྡོད་ཁྱིམ་ཚོགས་ཆུང་གིས་ ཕུན་ཚོགས་གླིང་-ཅམ་ཀུ་ནང་ གཞུང་ལམ་བསལ་ལུ་བརྟེན་ གནོད་སྐྱོན་བྱུང་མི་ཁང་ཚན་༡༠༤ བརྡལ་བཏང་ཡོདཔ་ཨིན་པས།
མེ་རྐྱེན་དེ་ དེ་ཚེ་ ཉིན་མའི་ཆུ་ཚོད་༡༢.༣༠ དེ་ཅིག་ཁར་ བྱུང་ཡོདཔ་ད་ མེ་རྐྱེན་དེ་ཡང་ གློག་རྒྱུན་ལུ་ སྐྱོན་ཞུགས་ཏེ་ བྱུང་ཡོད་པའི་དོགས་པ་ཡོདཔ་ད་ མེ་རྐྱེན་དེ་ ཆུ་ཚོད་༢.༢༠ དེ་ཅིག་ལུ་ ཚད་འཛིན་འབད་ཚུགས་ཡོདཔ་ཨིན་པས།
བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱིས་ ས་ཁོངས་ནང་ གཟིགས་ཞིབ་གནང་སྟེ་ ཉམས་རྒུདཔ་བཟའ་ཚང་དང་ ཕྱད་གནང་ཡོདཔ་ཨིན་པས།
ཕུན་ཚོགས་གླིང་ཁྲོམ་དཔོན་ ཨུ་ཊར་ ཀུ་མར་རའེ་གིས་ སླབ་མིའི་ནང་ ཁྲོམ་སྡེ་གིས་ ཉམས་རྒུདཔ་བཟའ་ཚང་ཚུ་ལུ་ ཉིན་གྲངས་༡༠ གྱི་དོན་ལས་ སྡོད་གནས་དང་ བཞེས་སྒོ་ དེ་ལས་ གཞི་རྟེན་དགོས་མཁོ་ཚུ་ བཀྲམ་སྤེལ་འབད་ཡོདཔ་ད་ བཟའ་ཚང་༣༣ གནས་སྐབས་སྡོད་ཁྱིམ་གྱི་ ཁང་ཚན་སྟོངམ་ཚུ་ནང་ བགོ་བཀྲམ་འབད་བའི་ཁར་ བཟའ་ཚང་༢༠ སློབ་ཁང་དང་ གཞན་བཟའ་ཚང་༤༣ ཁོང་རའི་སྤུན་ཆ་དང་ ཆ་རོགས་ཚུ་དང་གཅིག་ཁར་ སྡོདཔ་མས་ཟེར་ཨིན་པས།
མེ་རྐྱེན་བྱུང་བའི་སྐབས་ མེ་གིས་ཁང་ཚན་༦༤ མེད་བཏང་པའི་ཁར་ ཁང་ཚན་༣༢ དེ་ མེ་རྐྱེན་ལས་ བཀག་ཐབས་ལུ་ འཕྲུལ་ཆས་ཚུ་གིས་ བརྡལ་ཡོད་རུང་ ཤུལ་ལས་ དེ་ཚུ་ཡང་ མེ་གིས་འཚིགས་ཡོདཔ་ད་ ཁང་ཚན་༢༨ མེ་གིས་དུམ་གྲ་རེ་ མེདཔ་བཏང་ཡོདཔ་མ་ཚད་ སྣུམ་འཁོར་མ་རུ་ཏི་བེན་ཅིག་ཡང་ མེདཔ་བཏང་ཡོདཔ་ཨིན་པས།
མེ་རྐྱེན་བྱུང་བའི་སྐབས་ ཁང་ཚན་༡༦ ནང་སྡོད་མི་ མེདཔ་ཨིན་པས།
སྒེར་སྡེ་ཚུ་གི་ འཕྲུལ་ཆས་རྒྱབ་སྐྱོར་ཐོག་ལས་ ཁྲིམས་སྲུང་འགག་པ་དང་ མེ་བསད་སྡེ་ཚན་ བདེ་སྲུངཔ་ དེ་ལས་ ས་གནས་ཀྱི་མི་ཚུ་གིས་ མེ་གསད་ནི་ལུ་ འབྲེལ་གཏོགས་འབད་ཡོདཔ་ཨིན་པས།
དེ་མ་ཚད་ ཌཱན་ཊག་ལས་འགུལ་དང་གཅིག་ཁར་ ས་མཚམས་ཁྲོམ་ ཇའི་སྒང་ལས་ མེ་བསད་སྡེ་ཚན་དང་ འགོ་དཔོན་ཚུ་གི་ ཆུ་འབག་མི་ སྣུམ་འཁོར་ཊེངཀི་གི་ རྒྱབ་སྐྱོར་འབད་ཡོདཔ་ཨིན་པས།
མེ་རྐྱེན་གྱིས་ མང་ཤོས་ཅིག་གི་ རྒྱུ་དངོས་ཚུ་ མེདཔ་བཏང་ཡོདཔ་ད་ གནས་སྐབས་སྡོད་ཁྱིམ་ནང་ སྡོད་མི་མང་ཤོས་ར་ འོང་འབབ་ཆུང་བའི་ བཟའ་ཚང་ཚུ་ཨིནམ་ལས་ ཁོང་ལུ་ རྒྱབ་སྐྱོར་འབད་ནི་ལུ་ ཞལ་འདེབས་བསྡུ་བླང་གི་ལས་རིམ་ཚུ་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།
ཨ་མོ་ཆུ་གནས་སྐབས་སྡོད་ཁྱིམ་དེ་ མི་དབང་མཆོག་གི་ བཀའ་རྒྱ་དང་འཁྲིལ་ཏེ་ ཀོ་བིཌ་-༡༩ ཐོན་པའི་སྐབས་ བསྟན་སྲུང་དམག་མི་ཚུ་གིས་ རྐྱབ་ཡོདཔ་ཨིན་པས།
དེ་བསྒང་ འབྲུག་མི་༥,༠༠༠ བརྩིས་ཏེ་ བཟའ་ཚང་༡,༩༩༩ དེ་ཅིག་ རྒྱ་གར་གྱི་ ས་མཚམས་ཕྱི་ཁར་ སྡོད་དོ་ཡོདཔ་ཨིན་པའི་གནས་ཚུལ།
ཨོ་རྒྱན་རྡོ་རྗེ།