༉ རྒྱལ་ཡོངས་ཆུ་དཔྱད་དང་ གནམ་གཤིས་རིག་པའི་ལྟེ་བ་གིས་ མོ་ཆུའི་ཆུ་རྐ་ལུ་ མ་འདྲཝ་ག་ཅི་ར་ འབད་དགོཔ་ཡོདཔ་ཨིན་ནའི་ ཞིབ་འཇུག་ཚུ་འབད་དོ་ཡོདཔ་ད་ ཞིབ་འཚོལ་གྱི་དམིགས་ཡུལ་དེ་ཡང་ གཙང་ཆུ་དེ་གི་ ཆུ་འབབ་ལུང་གཤོང་བདའ་སྟེ་ ཆུ་དཔྱད་ཀྱི་གནད་དོན་ཚུ་ ཧ་གོ་ཐབས་ལུ་ཨིན་པས།
ད་ལྟོའི་ཞིབ་འཇུག་དེ་ གོ་རིམ་གསུམ་པ་ཨིནམ་ད་ འདི་དང་ཅོག་འཐད་པའི་ ཞིབ་འཚོལ་ཚུ་ ལྕམ་མཁར་ཆུ་དང་ སྤ་ཆུའི་ནང་ ཧེ་མ་ལས་ འབད་ཡོདཔ་ཨིན་པས།
ཞིབ་འཇུག་དེ་གི་དོན་ལུ་ གཙང་ཆུའི་ནང་ ཆུ་རྐ་མ་འདྲཝ་ཡོད་མི་ཚུ་ལས་ ཆུའི་དཔེ་ཚད་བསྡུ་ལེན་འབད་དེ་ཡོདཔ་ད་ དེ་ཡང་ ཆུ་རྐ་སོ་སོར་དང་ ཁཝ་ ཁྱེགས་ དེ་ལས་ ནམ་དུས་ཀྱི་ཆརཔ་ཚུ་གི་ གནས་སྟངས་ཚུ་ཡོདཔ་ཨིན་པས།
མོ་ཆུ་དེ་ སྤུ་ན་གཙང་ཆུའི་ནུབ་ཕྱོགས་ཁ་ཐུག་གི་ ཡན་ལག་ཅིག་ཨིནམ་ད་ གཙང་ཆུ་དེ་ཁར་ ཆུའི་གཙོ་བོ་དེ་གཉིས་ཡོདཔ་བཞིན་དུ་ དེ་ཡང་ ཤར་ཕྱོགས་ཁ་ཐུག་ལུ་ མ་གསང་སྒང་ཆུ་དང་ ནུབ་ཕྱོགས་ཁ་ཐུག་ལས་ གངས་ཆེན་སྟག་ལུང་གཤོང་ལས་བབས་མི་ཆུ་ཡོདཔ་ད་ ཆུ་རྐ་དེ་གཉིས་ལུ་བརྟེན་ཏེ་ ཁྱེགས་མཚོ་༦༦ ཆགས་ཡོད་མི་ཚུ་ཡང་ ཕིཊ་གྲུ་བཞི་༤.༢༥ ཡོདཔ་ཨིན་པས།
མོ་ཆུ་དེ་ སྤུ་ན་གཙང་ཆུ་ རྒྱ་ཁྱབ་ཅན་གྱི་ ཡན་ལག་ཆ་ཤས་གསུམ་སྦེ་ ཡོདཔ་ཨིན་པས།
ཀི་རི་ཡོས་ཕར་ཞབས་ཏོག་སྡེ་ཚན་གྱི་གཙོ་འཛིན་ ཀརྨ་གིས་ བཤད་མིའི་ནང་ འདི་བཟུམ་གྱི་ ཆུའི་གནས་སྟངས་ཧ་གོ་དགོ་མི་དེ་ཡང་ ལུང་གཤོང་བདའ་སྟེ་སྡོད་མི་ལུ་ གལ་གནད་ཅན་ཅིག་སྦེ་ཡོདཔ་ད་ དེ་ཡང་ གཙོ་བོ་ར་ གནམ་གཤིས་འགྱུར་བགྲོད་ལུ་བརྟེན་ ཨིན་ཟེར་ཨིན་པས།
ད་རེས་ འཕྲལ་ཁམས་ཅིག་ཁར་ གཅིག་བསྡོམས་གངས་རི་གོང་འཕེལ་གྱི་ ཁ་བའི་དུས་མཐུན་སྙན་ཞུ་༢༠༢༤ ཅན་མའི་ རྒྱལ་སྤྱི་ལྟེ་བ་གིས་ བཀྲམ་སྤེལ་འབད་མི་ནང་ སྤྱི་ལོ་༢༠༢༣ ཟླ་༡༡ པ་དང་ སྤྱི་ལོ་༢༠༢༤ གི་ཟླ་༤ པའི་བར་ན་ ཧིན་དུ་ཀུཤ་ཧི་མ་ལ་ཡ་གི་ ཁ་བའི་ཁྱབ་ཚད་དེ་ བརྒྱ་ཆ་༢༠མར་བབས་སོང་བའི་ གསལ་སྟོན་འབད་ཡོདཔ་ད་ འདས་པའི་ལོ་བཅུ་ཕྲག་གཉིས་ཀྱི་ ནང་འཁོད་ལུ་ ད་ལྟོའི་གནས་སྟངས་དེ་ དམའ་ཤོས་ཅིག་སྦེ་ཡོདཔ་ལས་ དེ་གིས་ ཧིན་དུ་ཀུཤ་ཧི་མ་ལ་ཡ་ནང་ ཆུའི་ཉེན་སྲུང་ལུ་ས་ཡ་ལས་བཅད་དེ་ གནོད་ཉེན་ཡོད་པའི་ཁར་ གངས་རི་བབས་ཆུའི་གནད་དོན་ནང་འབད་བ་ཅིན་ ཐེར་འབུམ་སྦེ་ ཐོ་ཕོག་དོ་ཡོདཔ་བཞིན་དུ་ འབྲུག་རྒྱལ་ཁབ་དེ་ཡང་ ལུང་གཤོང་དེ་གི་གྲངས་སུ་ ཚུད་དེ་ཡོདཔ་ཨིན་པས།
ཁྱེགས་བཞུ་མི་དང་ ཁཝ་རྐྱབ་ནི་ ཏན་ཏན་མེད་མི་གིས་ འབྲུག་པའི་གཙང་ཆུ་བབས་མི་ཚུ་ལུ་ གདོང་ལེན་ཡོདཔ་ད་ དམིགས་བསལ་གྱི་ ཆུར་བརྟེན་གློག་མེ་འཕྲུལ་ཁང་ཚུ་ལུ་ ཐོ་ཕོག་དོ་ཡོདཔ་སྦེ་ཨིན་པས།
ཨེ་ཤི་ཡ་ཁ་ཐུག་ལུ་འབད་བ་ཅིན་ ཁྱེགས་ཚུ་ཆུའི་ཐོན་ཁུངས་བཟུམ་ཅིག་སྦེ་ཨིནམ་ད་ དེ་ཡང་ ཁྱེགས་ཆུའི་འབོར་ཚད་མངམ་སྦེ་ བསགས་པའི་ཤུལ་ལུ་ འགྲོས་ཀྱིས་འབད་ བཞུ་ཡི་ར་ ཆུའི་རིམ་ལུགས་ལུ་ ལྷན་གྲོགས་འབད་དོ་ཡོདཔ་ཨིན་པས།
འབྲུག་ལུ་ ཧེ་མའི་ ཞིབ་འཇུག་ཚུ་ནང་ཡང་ གཙང་ཆུའི་དོན་ལུ་ ཁྱེགས་ཚུ་ མེད་ཐབས་མེདཔ་ཅིག་སྦེ་ཡོད་པའི་ གསལ་སྟོན་བྱུང་ཡོདཔ་ཨིན་པས།
སྤྱི་ལོ་༢༠༡༤ དང་༢༠༡༧ གྱི་བར་ན་ ཤེས་རབ་རྩེ་མཐོ་རིམ་སློབ་གྲྭའི་ ལེགས་སྦྱར་བ་ཅིག་གིས་ ལྕམ་མཁར་ཆུ་ལུ་ ཞིབ་འཇུག་འབདཝ་ད་ ཁྱེགས་བཞུ་འོང་མི་གིས་ གཙང་ཆུ་ལུ་ ལྷན་ཐབས་བརྒྱ་ཆ་༢༣ འབད་དོ་ཡོདཔ་སྦེ་ཨིནམ་ད་ ཁཝ་བཞུ་མི་གིས་ བརྒྱ་ཆ་༣༩ ལྷན་ཐབས་འབད་དོ་ཡོདཔ་སྦེ་ ངོས་འཛིན་འབད་ཡོདཔ་ཨིན་པས།
དེ་ལས་ སྤ་ཆུ་གི་སྙན་ཞུའི་ནང་ཡང་ ཅོག་ར་འཐདཔ་སྦེ་ གསལ་སྟོན་བྱུང་ཡོདཔ་ད་ སྤྱིར་བཏང་ ཁྱེགས་དང་ ཁཝ་གཉིས་ཀྱིས་ གཙང་ཆུའི་ནང་ ལྷན་ཐབས་སྦོམ་འབད་ཡོདཔ་སྦེ་ཨིན་ཟེར་ ཀརྨ་གིས་ བཤདཔ་ཨིན་པས།
ཁྱེགས་ཀྱིས་ གཙང་ཆུ་ལུ་ དུས་ཚོད་དང་བསྟུན་ ལྷན་ཐབས་ཚུ་ སྦོམ་ར་འབད་བའི་ཁར་ བརྒྱ་ཆ་ལས་འབད་བ་ཅིན་ སྤ་ཆུའི་ནང་ ཁྱེགས་དང་ཁཝ་བསྡོམས་ཏེ་ བརྒྱ་ཆ་༤༩.༦ ལྷན་ཐབས་འབད་ཡོདཔ་སྦེ་ཨིན་པས།
ཀརྨ་གིས་འབད་བཅིན་ ཁཝ་རྐྱབ་ནིའི་གནས་སྟངས་དེ་ གཏན་འཁེལ་མེདཔ་སྦེ་ སོང་ཡོདཔ་ལས་ གནས་ཐོ་ཚུ་མེད་དེ་འབད་རུང་ སྤྱི་ལོ་༢༠༠༩ ལས་འགོ་བཙུགས་ ལུང་ནག་ནང་ལུ་ སྤྱི་ཟླ་༧ པའི་ནང་ ཁཝ་མ་རྐྱབ་པས་ཟེར་ཨིན་པས།
ཞིབ་འཇུག་དང་འཁྲིལཝ་ད་ ཆུའི་ཐོན་ཁུངས་འཛིན་སྐྱོང་ གནམ་གཤིས་གནས་སྟངས་ཀྱི་ཐབས་བྱུས་ སྲིད་དོན་པ་ཚུ་གིས་ ཆུའི་ཡུན་བརྟན་བཟོ་ནི་ གནམ་གཤིས་འགྱུར་བགྲོད་ལུ་བརྟེན་ ཉེན་འཚུབས་མར་ཕབ་འབད་མི་ཚུ་གིས་ གཞུང་ལུ་སྙན་ཞུ་ འབད་དོ་བཟུམ་ཅིག་ཨིན་ཟེར་ ཨིན་པའི་གནས་ཚུལ།
ཚེ་རིང་དབང་འདུས།
ཁྱེགས་རིག་མཁན་ ཕུན་ཚོགས་ཚེ་རིང་།