༉ གཞུང་གིས་ རྒྱལ་ཡོངས་ནང་ ལག་ལེན་མ་འཐབ་པའི་ཧེ་མར་ མོ་བཏབ་བཟུམ་ཅིག་སྦེ་ ལོ་ཐོག་དང་ སྒོ་ནོར་གྱི་ ཉེན་བཅོལ་ལམ་ལུགས་ འགོ་བཙུགས་ནིའི་ འཆར་གཞི་ཡོདཔ་ཨིན་པས།
དེ་ཡང་ སྤྱི་ཟླ་༦ པའི་ཚེས་༢༨ ལུ་ ལྷན་རྒྱས་གཞུང་ཚོགས་དང་ བརྡ་བརྒྱུདཔ་ཚུ་གི་བར་ན་ ཞལ་འཛོམས་འཚོགས་པའི་སྐབས་ སོ་ནམ་དང་སྒོ་ནོར་ལྷན་ཁག་གི་དྲུང་ཆེན་ འཕྲིན་ལས་རྣམ་རྒྱལ་གྱིས་ བཤདཔ་ཨིན་པས།
དྲུང་ཆེན་གྱིས་ ཉེན་བཅོལ་ལམ་ལུགས་དེ་ གལ་ཅན་ཅིག་ཨིནམ་སྦེ་ ངོས་ལེན་འབད་ཐོག་ལས་ སླབ་མིའི་ནང་ སོ་ནམ་པ་ཚུ་གིས་ བྱིན་ཚུགས་ནི་དང་ གཞུང་གིས་ ཕབ་ཆག་གི་ འོས་འབབ་སྐོར་ལས་ གསུང་གྲོས་གནང་པའི་བསྒང་ ཡོད་ཟེར་ཨིན་པས།
མོ་བཏབ་དབྱེ་ཁག་དེ་ དམིགས་བསལ་གྱི་ ལོ་ཐོག་རེད་ གེ་ཟ་ ཀེ་བ་ ཚལ་ལུ་ དེ་ལས་ སྒོ་ནོར་སེམས་ཅན་འབད་བ་ཅིན་ ནོར་དང་ ཕགཔ་ དེ་ལས་ བྱ་གསོ་སྐྱོང་ལུ་ དམིགས་གཏད་བསྐྱེད་དེ་ཡོད་ཟེར་ འཕྲིན་ལས་རྣམ་རྒྱལ་གྱིས་ བཤདཔ་ཨིན་པས།
ཉེན་བཅོལ་གྱི་ཐད་ལུ་ དྲུང་ཆེན་གྱིས་ སླབ་མིའི་ནང་ གནམ་གཤིས་དང་འབྲེལ་བའི་ གནད་དོན་ལུ་ གྱོང་རྒུད་ཕོག་མི་གིས་ མ་དོ་བར་ ནད་གཞི་དང་ ནད་འབུབ་ལ་སོགས་པ་ཚུ་གིས་ གནོད་སྐྱོན་རྐྱབ་མི་ལུ་ཡང་ ངོས་ལེན་འབད་འོང་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ འབྲུག་རྒྱལ་ཉེན་བཅོལ་ལས་འཛིན་དང་ འབྲུག་ཉེན་བཅོལ་ཚད་དང་གཅིག་ཁར་ གྲོས་བསྟུན་འབད་བའི་སྐབས་ ཉེན་བཅོལ་༢ ཀྱིས་ ལོ་ཐོག་ལུ་ ཉེ་བཅོལ་འཐུས་དངུལ་ བརྒྱ་ཆ་༥.༨ དང་ སྒོ་ནོར་འབད་བ་ཅིན་ གོང་ཚད་དང་འཁྲིལ་འགྱོ་དགོཔ་སྦེ་ བསམ་འཆར་བཀོད་དེ་ ཡོད་ཟེར་ཨིན་པས།
ནོར་གྱི་ ཉེན་བཅོལ་འཐུས་དངུལ་དེ་ ལོ་དང་པའི་ནང་ བརྒྱ་ཆ་༡༥ དང་ དེ་གི་ཤུལ་ལས་ བརྒྱ་ཆ་༡༠ ལུ་ མར་ཕབ་འབད་ནི་དང་ ཕགཔ་དང་ བྱ་གསོ་སྐྱོང་ལུ་འབད་བ་ཅིན་ ཉེན་བཅོལ་འཐུས་དངུལ་ བརྒྱ་ཆ་༡༠ དགོཔ་ཨིན་པས།
དྲུང་ཆེན་གྱིས་ སླབ་མིའི་ནང་ ཉེན་བཅོལ་གྱི་དོན་ལུ་ སོ་ནམ་པ་ག་ར་གིས་ བཅའ་མར་གཏོགས་ མི་ཚུགས་ནི་ཨིནམ་ད་ བརྒྱ་ཆ་༥༠ གིས་ བཅའ་མར་གཏོགས་རུང་ གལ་སྲིད་ སོ་ནམ་པ་གིས་ ལེན་པ་ཅིན་ ལོ་བསྟར་ ཉེན་བཅོལ་འཐུས་དངུལ་དེ་ དངུལ་ཀྲམ་ཐེར་འབུམ་༢.༨ ཐོན་འོང་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ གཞུང་གིས་ ཟད་འགྲོ་བགོ་བཤའི་ ཐབས་ལམ་ཚུ་ འཚོལ་ཞིབ་འབད་བའི་བསྒང་ཡོདཔ་ད་ དེ་ཡང་ སོ་ནམ་པ་ཚུ་དང་གཅིག་ཁར་ བརྒྱ་ཆ་༥༠-༥༠ གི་ ཐབས་ལམ་ཚུ་ བཏོན་དོ་ཡོདཔ་ད་ དེ་གི་གནས་སྟངས་ལུ་ གཞུང་གིས་ ལོ་བསྟར་ དངུལ་ཀྲམ་ཐེར་འབུམ་༡.༤ བྱིན་དགོཔ་ཨིན་པས།
བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱིས་ བཤད་མིའི་ནང་ གལ་སྲིད་ གཞུང་གིས་ ཉེན་བཅོལ་འཐུས་དངུལ་ བརྒྱ་ཆ་༡༠༠ བྱིན་པ་ཅིན་ རྒྱལ་ཁབ་ཀྱི་ རྒྱུན་སྐྱོང་འོང་འབབ་ལུ་ དངུལ་ཀྲམ་ཐེར་འབུམ་༢.༨ དེ་ཅིག་ གནས་ནི་མས་ཟེར་ཨིན་པས།
ཉེན་བཅོལ་ལམ་ལུགས་ཀྱིས་ འབྲེལ་ཡོད་ལས་སྡེ་ཚུ་ལུ་ ཕན་ཐོགས་ནིའི་དོན་ལུ་ ལེགས་ལྡན་བརྟག་ཞིབ་དང་ མོ་བཏབ་ལས་འགུལ་དེ་ གལ་ཅན་ཅིག་ཨིན་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ལོ་ཐོག་གནོད་སྐྱོན་དང་ ཉམས་རྒུད་ཕོག་མི་ མང་ཤོས་ཅིག་ འོང་འབབ་ཆུང་བའི་ སོ་ནམ་པ་ཚུ་ཡོདཔ་ལས་ ཉེན་བཅོལ་འཐུས་དངུལ་བྱིན་ནི་ལུ་ ལཱ་ཁག་གཏང་ནི་ཨིནམ་ད་ གཞུང་གིས་ ལམ་ལུགས་ནང་ ག་དེ་སྦེ་ བཙུགས་ནི་ཨིན་ན་ བལྟ་འོང་ཟེར་ཨིན་པས།
འཕྲལ་ཁམས་ཅིག་ཁར་ རྒྱལ་ཡོངས་ཚོགས་འདུ་གིས་ ལོ་ཐོག་དང་ སྒོ་ནོར་རྒུད་འཐུས་བློ་གཏད་མ་དངུལ་ཅིག་ གཞི་བཙུགས་འབད་དགོ་པའི་ གྲོས་དོན་ཆ་འཇོག་འབད་ཡོདཔ་ཨིན་པས།
སྤྱི་ཚོགས་ནང་ སོ་ནམ་བློན་པོ་ ཡོན་ཏན་ཕུན་ཚོགས་ཀྱིས་ ཞུ་མིའི་ནང་ གཞུང་གིས་ སྤྱི་ཚོགས་ནང་ གསལ་ཞུ་འབད་ནིའི་དོན་ལས་ ཉེན་བཅོལ་ལམ་ལུགས་ཅིག་ བཟོ་སྟེ་ཡོདཔ་ད་ འཆར་གཞི་༡༣ པའི་ནང་ སོ་ནམ་དང་ སྒོ་ནོར་ལས་སྡེ་ལུ་ མ་དངུལ་རྒྱ་ཆེཝ་སྦེ་ བགོ་བཀྲམ་འབད་འོང་ཟེར་ཨིན་པས།
རྒྱལ་ཡོངས་ཚོགས་འདུ་གིས་ སོ་ནམ་ལྷན་ཁག་ལུ་ ཤུལ་མའི་ སྤྱི་ཚོགས་ནང་ ལག་ལེན་སྙན་ཞུ་ གསལ་ཞུ་འབད་དགོཔ་སྦེ་ བཀའ་རྒྱ་གནང་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

Advertisement