༉ མོང་སྒར་ཀ་ལ་སྤང་ལས་ སྐྱེས་ལོ་༥༤ ལང་མི་ རྡོ་རྗེ་རིན་ཆེན་གྱིས་ ཁོ་གི་གཡུས་ཁ་ལུ་ ཏ་ར་ཡ་ན་གཞི་ཚོགས་ཀྱིས་ རིག་རྩལ་གསར་པའི་ སྦྱོང་བརྡར་བྱིན་མི་གིས་ ཁོ་གི་མི་ཚེ་ནང་ དོན་དང་ལྡནམ་ཅིག་སྦེ་ ཚོར་སྣང་བྱུང་ཡོདཔ་ཨིན་པས།
ཁོ་གིས་ ལོ་ལས་བཅད་དེ་ ཚར་བཟོ་འབད་ནི་ལུ་ ཉམས་མྱོང་ཚུད་དེ་ཡོད་རུང་ ཐོན་སྐྱེད་ཚུ་དགོས་མཁོ་ཅན་སྦེ་ བཟོ་བཀོད་འབད་ནི་ལུ་ རིག་རྩལ་ཚུ་ དེ་ཅིག་ར་མེདཔ་ལས་ ཀ་ལ་སྤང་ལུ་ ཏ་ར་ཡ་ན་གཞི་ཚོགས་ཀྱིས་ འབྲུག་ཚར་བཟོ་སྤེལ་ཁང་ གཞི་བཙུགས་འབད་མི་གིས་ བསྒྱུར་བཅོས་སོང་ཡི་ཟེར་ཨིན་པས།
སྤེལ་ཁང་གིས་ ཁོ་ལུ་མ་འདྲཝ་སྟོན་མི་དེ་ཡང་ ཚར་གྱི་ཐོན་སྐྱེད་༢༠༠ དེ་ཅིག་བཟོ་ཡོད་མི་ཚུ་ཡང་ ཐབ་ཚང་ནང་གི་ ཅ་ཆས་ལས་འགོ་བཙུགས་ ཁང་ཆས་དང་ ནང་ཆས་བཟོ་བཀོད་འབད་ནི་ཚུ་ཨིནམ་ལས་ དེ་གིས་ མི་ཚེའི་གནས་སྟངས་ ལེགས་སྒྱུར་འབད་ཡི་ཟེར་ཨིན་པས།
ང་ལུ་ བང་ཅུང་འཐག་ནི་གི་ གཞི་རྟེན་རིག་རྩལ་ཡོད་པའི་ཁར་ ད་རེས་འབདཝ་ད་ ལག་ཆུང་དང་ ལྷམ་རྩ་ གདན་ དེ་ལས་ གཞན་དང་གཞན་ཡང་ གོང་ཚད་ལེགས་ཤོམ་ཐོབ་ཚུགས་པའི་ ཐོན་སྐྱེད་འཐག་ནི་ཚུ་ ལྷབ་སྦྱང་འབད་ཡི་ཟེར་ཨིན་པས།
མཁས་མཆོག་གསརཔ་དེ་གིས་ འབྲུག་ཚར་བཟོ་སྤེལ་ཁང་ནང་ སློབ་སྟོན་པའི་སྣ་ཁྲིད་འབད་དེ་ དེ་གིས་ ཁོ་གི་འོང་འབབ་བཟོ་ནི་ གིས་མ་ཚད་པར་ གཞན་མི་ཚུ་ལུ་ སྟོན་བྱིན་ནི་ལུ་ཡང་ ཁོ་ར་ལུ་ བློ་སྤོབས་ཐོབ་སྟེ་ཡོད་ཟེར་ཨིན་པས།
མང་གླིང་ལས་ སྐྱེས་ལོ་༥༤ ལང་མི་ རིན་ཆེན་སྒྲོལ་མ་གིས་ བཤད་མིའི་ནང་ སྦྱོང་བརྡར་ལུ་བརྟེན་ མོ་གི་ ཁྱིམ་ནང་གི་འོང་འབབ་བཟོ་ནི་ལུ་ ཕན་ཐོགས་བྱུང་ཡི་ཟེར་ཨིནམ་ད་ ཚར་གྱི་རིགས་དེ་ ང་བཅས་རའི་ལམ་སྲོལ་ཅིག་ཨིན་ཏེ་འབད་རུང་ དེ་གིས་ ང་བཅས་ཀྱི་ འོང་འབབ་བཟོ་ནི་ གཙོ་བོ་ཅིག་ལུ་འགྱུར་འོང་ཟེར་ མནོ་བསམ་ར་མ་བཏང་ཟེར་ཨིནམ་ད་ ཚུལ་ལྡན་གྱི་རིག་རྩལ་དང་ ཚོང་ལམ་ལེགས་ཤོམ་ཡོད་མི་ལུ་བརྟེན་ ཐོན་སྐྱེད་ཚུ་ ས་གནས་ནང་ ཚོང་འབྲེལ་འཐབ་ནི་གིས་མ་ཚད་ ཉེ་འདབས་ཀྱི་ ཁྲོམ་ཚུ་ནང་ལས་ཕར་ཡང་ ཚོང་འབྲེལ་འཐབ་ཚུགས་པས་ཟེར་ཨིན་པས།
མོ་གིས་ བཤད་མིའི་ནང་ འདས་པའི་རིང་ལུ་ གཡུས་སྒོའི་ནང་ ཕོ་སྐྱེས་ཚུ་གིས་ མ་དངུལ་བཟོ་ནི་གི་དོན་ལུ་ བཟོ་སྐྲུན་གྱི་ས་ཁོངས་ཚུ་ནང་ ལཱ་འབད་བར་འགྱོ་དགོ་ཟེར་ཨིན་པས།
ཚར་གྱི་ཐོན་སྐྱེད་ ལྷམ་རྩ་ གདན་ དེ་ལས་ གཞན་གྱི་རིགས་ཚུ་ མཁོ་འདོད་བསྐྱེད་དོ་ཡོདཔ་ལས་ ཐོན་སྐྱེད་འདི་ཚུ་ལུ་ ཉོ་སྤྱོདཔ་ཚུ་གིས་ དང་འདོད་བསྐྱེད་པའི་ཁར་ སྐྱེ་ལྡན་གནས་སྟངས་ལུ་ ཕན་ཐོགས་ཅན་ཅིག་ཨིན་ཟེར་ཨིན་པས།
ཀ་ལ་སྤང་ལས་ ཨ་ལུ་༢ ཀྱི་ཨའི་ བཀྲིས་ལྷ་མོ་གིས་ བཤད་མིའི་ནང་ ཚར་བཟོའི་ཐོན་སྐྱེད་དེ་ ཧེ་མ་ཚར་ཅིག་ སྣང་མེད་སྐྱུར་བཞག་མི་དེ་ ད་རེས་ག་དེ་སྦེ་ དོན་མཐུན་ཅན་ཅིག་ལུ་ གྱུར་ཡོདཔ་ཨིན་ན་ཟེར་ཨིནམ་ད་ ཧེ་མ་འབད་བ་ཅིན་ ཚར་བཟོའི་ཐོན་སྐྱེད་ཚུ་ ལཱ་གི་ཆ་ཤས་ཅིག་སྦེ་ཡོདཔ་ད་ ད་རེས་ནངས་པར་ མི་མང་ཤོས་ཅིག་གིས་ ལག་བཟོའི་ཐོན་སྐྱེད་འདི་ལུ་ ངོས་ལེན་འབད་བའི་གུ་ སྤྲོ་བ་ཡང་བསྐྱེདཔ་མས་ཟེར་ཨིན་པས།
མོ་གིས་ བཤད་མིའི་ནང་ ཚར་བཟོའི་ཐོན་སྐྱེད་ལུ་ སྤྲོ་བ་བསྐྱེད་མི་མངམ་འོང་མི་གིས་ གཡུས་མི་ཚུ་གི་ ཡུན་བརྟན་གྱི་ ལག་ལེན་ཅིན་ཨིན་མས་ཟེར་ཨིནམ་ལས་ ས་གནས་ཀྱི་མི་སེར་ཚུ་གིས་ སྤག་ཤིང་འཛུགས་སྐྱོང་འབད་ནི་ལུ་ཡང་ སྤྲོ་བ་བསྐྱེདཔ་མས་ཟེར་ཨིན་པས།
སློབ་རིམ་༡༠ པ་ལས་ཐོན་སྡོད་མི་ སངས་རྒྱས་ཆོས་སྒྲོན་གྱིས་ སྦྱོར་བརྡར་ནང་བཅའ་མར་གཏོགས་ཡོདཔ་ད་ ད་ལྟོ་ ལྟེ་བའི་ནང་ ལས་བྱེད་སྦེ་ འཛུལ་ཞུགས་འབད་ཡོདཔ་བཞིན་དུ་ མོ་གིས་ ཚར་བཟོ་ལྷབ་སྦྱང་འབད་ནི་ལུ་ སྤྲོ་བ་སྦོམ་ར་བྱུང་ཡི་ཟེར་ཨིན་པས།
ཚར་བཟོའི་རིགས་ལྷབ་ནི་དེ་ རིག་རྩལ་རྐྱངམ་གཅིག་མེན་པར་ མ་འོངས་ཡུན་བརྟན་གྱི་དོན་ལུ་ ཨིན་ཟེར་ཨིནམ་ད་ འདི་བཟུམ་གྱི་ རིག་རྩལ་གསརཔ་དེ་གིས་ མི་མང་གིས་ ཉོ་དགོ་མནོ་མིའི་ཐོན་སྐྱེད་ཚུ་འཐགས་ཏེ་ བཙོང་ཚུགས་པས་ཟེར་ཨིནམ་ད་ དེ་གིས་ ང་བཅས་ལུ་ དངུལ་འབྲེལ་གྱི་འོང་འབབ་བཟོ་ནི་ལུ་ ཕན་ཐོགས་འདུག་ཟེར་ཨིན་པས།
གོང་འདུ་གཡུས་ཚན་ལས་ པདྨ་དབང་མོ་གིས་ བཤད་མིའི་ནང་ ཚར་བཟོ་ལུ་བརྟེན་ མི་སེར་ཚུ་གི་ འཚོ་བའི་གནས་སྟངས་ ཡར་དྲག་བཟོ་ཡི་ཟེར་ཨིནམ་ད་ གོང་འདུ་གཡུས་ཚན་ནང་ སྔར་སྲོལ་གྱི་ལམ་ལུགས་ཚུ་ མ་ཉམས་པར་ བཞག་ཚུགས་ནི་ལུ་ཡང་ ཁེ་ཕན་འདུག་ཟེར་ཨིན་པས།
ཚེ་རིང་ལྷ་མོ་གིས་ འབད་བ་ཅིན་ མོ་གིས་ སྤེལ་ཁང་ནང་ མ་འཛུལ་ཚུན་ཚོད་ ཚར་བཟོ་ལྷབ་སྦྱང་མ་འབད་ཟེར་ཨིནམ་ད་ སྤྱིར་བཏང་ཤེས་རིག་དེ་ཁག་ཆེཝ་ཨིན་རུང་ རིག་རྩལ་དེ་ཡང་ གལ་ཆེཝ་སྦེ་ འདུག་ཟེར་ཨིནམ་བཞིན་དུ་ ཁྲོམ་ཁ་ལུ་ ལཱ་གཡོག་གི་གོ་སྐབས་འཐོབ་ནི་ལུ་ དོ་འགྲན་སྦོམ་ཡོདཔ་ལས་ ལག་རྩལ་དང་ རིག་རྩལ་ལུ་བརྟེན་ མི་ཚེ་སྐྱོང་ནི་ལུ་ དཀའ་ངལ་དེ་ཅིག་ར་ མིན་འདུག་ཟེར་ཨིན་པའི་གནས་ཚུལ།
ཚེ་རིང་དབང་འདུས།