༉ སྤྱི་ཟླ་༩ པའི་ཚེས་༥ ལུ་ འབྲུག་པའི་ན་གཞོན་ཚུ་གི་ མ་འོངས་མདུན་ལམ་ལེགས་ལྡན་བཟོ་ནིའི་དོན་ལུ་ རྒྱལ་པོའི་ཞིང་སློབ་སྡེ་ནང་སྦེ་ རྒྱལ་རབས་ཅན་གྱི་ རྒྱལ་སྲུང་ལས་རིམ་འགོ་འབྱེད་ཀྱི་ མཛད་སྒོའི་རྟེན་འབྲེལ་ནང་ མི་དབང་རྒྱལ་ཚབ་ འཇིགས་མེད་རྡོ་རྗེ་དབང་ཕྱུག་མཆོག་གིས་ དབུ་བཞུགས་གནང་ཡོདཔ་ཨིན་པས།
མི་དབང་རྒྱལ་ཚབ་མཆོག་དང་གཅིག་ཁར་ ཨ་ཞེ་ཡིད་མཚོ་ལྷ་མོ་ བྱོན་ཡོདཔ་བཞིན་དུ་ གཙུག་ལག་སློབ་དཔོན་ ཀརྨ་རང་གྲོལ་དང་ ཤེས་རིག་དང་རིག་རྩལ་གོང་འཕེལ་བློན་པོ་ ཡིད་བཟང་ཌི་ཐཱ་པ་ དེ་ལས་ གཞུང་དང་རྫོང་ཁག་གི་ འགོ་དཔོན་ཚུ་གིས་ གྲལ་གཏོགས་འབད་ཡོདཔ་ཨིན་པས།
རྒྱལ་སྲུང་ལས་རིམ་ འགོ་འབྱེད་འབད་མི་ལུ་བརྟེན་ ཕམ་ཚུ་ལུ་ སྤྲོ་སྣང་སྦོམ་བྱུང་ཡོདཔ་ད་ དེ་ཡང་ ཁོང་རའི་ཨ་ལུ་ཚུ་ ལྕོགས་གྲུབ་ཅན་དང་ འགན་འཁྲི་ཅན་གྱི་ མི་ཁུངས་ཅིག་སྦེ་ ཕོཝ་རྒྱགས་ཚུགས་ནི་མས་ཟེར་ཨིན་པས།
ལྷུན་རྩེ་ལས་ ཀུན་བཟང་ལ་གིས་ སླབ་མིའི་ནང་ ཁོ་གི་བུ་དེ་ ཚན་རིག་དང་འཕྲུལ་རིག་མཐོ་རིམ་སློབ་གྲྭ་ནང་ དཔེ་ཆ་ལྷབ་ནིའི་ གོ་སྐབས་ཐོབ་ཡོད་རུང་ རྒྱལ་སྲུང་ལས་རིམ་ལུ་ གདམ་ཁ་རྐྱབ་ཅི་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ དུས་རབས་༢༡ པའི་ འཛམ་གླིང་དོན་ལུ་ ང་བཅས་རའི་ ཨ་ལུ་ཚུ་ གྲ་སྒྲིག་འབད་ནིའི་དོན་ལས་ རང་གི་ཡར་ཐོན་དང་ རིག་རྩལ་གོང་འཕེལ་གཏང་ནིའི་ གོ་སྐབས་བཟང་པོ་བྱིནམ་མས་ཟེར་ སླབ་ཨིན་པས།
དེ་མ་ཚད་ རྒྱལ་སྲུང་ལས་རིམ་གྱིས་ ཁོ་གི་བུ་རྐྱངམ་གཅིག་མེན་པར་ འབྲུག་པའི་ན་གཞོན་མང་རབས་ཅིག་གི་ མ་འོངས་མདུན་ལམ་ལུ་ ཕན་ཐོགས་འབྱུང་ཚུགས་ནི་མས་ཟེར་ ཀུན་བཟང་ལ་གིས་ བཤདཔ་ཨིན་པས།
སྤྱི་ལོ་༢༠༢༤ དང་༢༠༢༥ འི་དོན་ལུ་ དུས་ཡུན་ཟླཝ་༣ འབད་མི་ རྒྱལ་སྲུང་ལས་རིམ་ནང་ གཞི་རྟེན་དམག་སྦྱོང་དང་ རྒྱལ་ཡོངས་ཤེས་རིག་ལེགས་སྦྱར་ དེ་ལས་ མི་ཚེའི་རིག་རྩལ་ལས་རིམ་ཚུ་ ཡོདཔ་ཨིན་པས།
རྒྱལ་གཞུང་བསྟན་སྲུང་དམག་སྡེ་གིས་ དམག་སྦྱོང་ལས་རིམ་ཚུ་ འགོ་འདྲེན་འཐབ་ནི་ཨིནམ་བཞིན་དུ་ རྒྱལ་འཛིན་གཞུང་སྐྱོང་དང་ཐབས་རིག་སྤེལ་ཁང་གིས་ འགོ་ཁྲིད་པའི་ སློབ་སྦྱོང་ཚུ་ བྱིན་ནི་ཨིན་པས།
གཞུང་གྲྭ་ཚང་གིས་ ཆོས་བཤད་ལས་རིམ་ཚུ་ འགོ་འདྲེན་འཐབ་ནི་ཨིནམ་ད་ མཁས་མཆོག་ཚུ་གིས་ སྒྲིག་ལམ་རྣམ་གཞག་དང་ འབྲུག་གི་རྒྱལ་རབས་ དེ་ལས་ རྒྱལ་ཡོངས་ཉེན་སྲུང་ལ་སོགས་པ་ཚུ་ སློབ་སྟོན་འབད་ནི་ཨིན་པས།
མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ འདི་བཟུམ་མའི་ གོ་སྐབས་གནང་མི་དེ་ལུ་ བཀའ་དྲིན་དགའ་ཚོར་ཡོད་ལུགས་ཚུ་ སྤ་རོ་ལས་ ཨ་ལུའི་ཕམ་ རྣམ་རྒྱལ་གྱིས་ བཤད་ཡོདཔ་མ་ཚད་ ང་ར་ རྒྱལ་སྲུང་ལས་རིམ་གྱི་སྐོར་ལས་ ལོ་རྒྱུས་གོཝ་ད་ ང་རའི་བུ་དེ་ ལས་རིམ་ནང་ གྲལ་གཏོགས་འབད་བཅུག་ནིའི་དོན་ལུ་ སག་ལང་སྟེ་སྡོད་པའི་ཁར་ རྒྱལ་སྲུང་ལས་རིམ་དེ་གིས་ ལྕོགས་གྲུབ་ཅན་གྱི་ མི་ཁུངས་ཅིག་སྦེ་ བཟོ་ཚུགས་པའི་རེ་བ་ཡོད་ཟེར་ སླབ་ཨིན་པས།
སྤྱི་ཟླ་༩ པའི་ཚེས་༥ ལས་ འགོ་བཙུགས་མི་ ཤོ་ཐེངས་དང་པའི་ རྒྱལ་སྲུང་ལས་རིམ་དེ་ སྤྱི་ལོ་༢༠༢༤ ཟླ་༡༢ པའི་ཚེས་༣ ལུ་ མཇུག་བསྡུ་ནི་ཨིནམ་ད་ ཤོ་ཐེངས་༢ པ་དེ་ སྤྱི་ཟླ་༡༢ པའི་ཚེས་༡༦ ལས་ འགོ་བཙུགས་ཏེ་ སྤྱི་ལོ་༢༠༢༥ ཟླ་༣ པའི་ཚེས་༡༥ ཚུན་ཨིན་པས།
རྒྱལ་སྲུང་ལས་རིམ་དེ་ དབང་འདུས་མཁོ་ཐང་ཁ་དང་ བསམ་རྩེ་རྒྱ་མཚོ་གླིང་ མོང་སྒར་རྒྱལ་པོའི་ཞིང་ དེ་ལས་ བསམ་གྲུབ་ལྗོངས་མཁར་ པདྨ་ཐང་ལུ་ གཞི་བཙུགས་འབད་ཡོད་པའི་གནས་ཚུལ།
བཙན་སྐྱོགས་དབང་འདུས།