༉ རྒྱལ་ཡོངས་ཚོགས་ཁང་ནང་ སོ་ནམ་དང་ སྒོ་ནོར་གྱི་ རྒུད་འཐུས་བློ་གཏད་མ་དངུལ་ གཞི་བཙུགས་དང་ ལག་ལེན་དོན་ལུ་ གསུང་གྲོས་གནངམ་ད་ འཐུས་མི་༣༤ གིས་ རྒྱབ་སྐྱོར་འབད་ཡོདཔ་ཨིན་པས།
འཐུས་མི་༨ ཀྱིས མི་དགོ་དང་ གཅིག་གིས་འཛེམ་བཞུགས་ཡོདཔ་ད་ དེ་ཡང་ དཀྱིལ་འཁོར་ཐང་ མཎ་ཌལ་སྒང་གི་འཐུས་མི་ ཀ་མལ་བྷ་དུར་གུ་རུང་གིས་ གྲོས་གཞི་ཕུལ་མི་དང་བསྟུན་ ཆ་འཇོག་འབད་ཐོག་ལས་ ཤུལ་མའི་ཞལ་འཛོམས་ནང་ གསལ་སྟོན་འབད་ནི་ཨིན་པས།
ཀ་མལ་བྷ་དུར་གུ་རུང་གིས་ མི་རློབས་བརྒྱ་ཆ་༦༠ ལྷགཔ་ཅིག་ གྲོང་གསེབ་ནང་སྡོད་མི་ཨིནམ་ད་ ཁོང་ཆ་ཁྱབ་ འབྲུག་གི་དཔལ་འབྱོར་གཙོ་བོ་ སོ་ནམ་ལུ་བརྟེན་ སྡོད་མི་ཨིན་ཟེར་ཞུ་བའི་ཁར་ ཁོང་ལུ་ རི་དྭགས་སེམས་ཅན་གྱི་ གདོང་ལེན་དང་ ཆརཔ་དུས་ཚོད་ཁར་རྐྱབ་མ་བཏུབ་མི་ ལོ་ཐོག་ནད་འབུབ་ཀྱིས་ གནོདཔ་རྐྱབ་མི་ རླུང་དང་ སེརཝ་གིས་མེདཔ་བཏངམ་མ་ཚད་ ཐན་སྐམ་ལུ་བརྟེན་ ལོ་ཐོག་དང་ སྒོ་ནོར་ལུ་ གྱོང་རྒུད་སྦོམ་སྦེ་ར་ ཕོག་སྟེ་ཡོད་ཟེར་ ཞུ་ཡི།
ལོ་ཐོག་དང་ སྒོ་ནོར་གྱི་དོན་ལུ་ རྒུད་འཐུས་ཀྱི་ལས་འཆར་མེདཔ་མ་ཚད་ ཉེན་བཅོལ་ཡང་མེད་པའི་ཁར་ རྒུད་འཐུས་བློ་གཏད་མ་དངུལ་ཚུ་ མེད་མི་ལུ་བརྟེན་ མི་སེར་སོ་ནམ་པ་ཚུ་གིས་ ཐབས་ལམ་གཞན་འཚོལ་དོན་ལུ་ གནས་སྤོ་འོང་དོ་ཡོདཔ་བཞིན་དུ་ དེ་ཚུ་ག་ནི་བ་གལ་ཆེ་བའི་ གནད་དོན་ཅིག་འབདཝ་ལས་ སོ་ནམ་ལས་སྡེ་ཚུ་ ཉེན་སྲུང་ཐོག་ལུ་ སྒྲིང་སྒྲི་བཟོ་དགོཔ་དེ་ གལ་ཆེ་བས་ཟེར་ཨིན་པས།
རི་དྭགས་སེམས་ཅན་གྱི་བྲེལ་ཟིང་དེ་ ཡར་སེང་འགྱོ་དོ་ཡོདཔ་ད་ འདས་པའི་ལོ་ལས་ཚུར་ གནམ་གཤིས་འགྱུར་བགྲོད་ཀྱི་ གདོང་ལེན་ཚུ་ལུ་བརྟེན་ སོ་ནམ་པ་ཚུ་ སེམས་ཤུགས་མེདཔ་བཟོ་ཡོདཔ་ད་ ད་རུང་ སོ་ནམ་པ་ བར་མ་དང་ ཆེ་བ་ཚུ་ལུ་ གནོད་སྐྱོན་སྦོམ་ར་བྱུང་ཡོདཔ་སྦེ་ཨིན་པས།
ཀ་མལ་བྷ་དུར་གུ་རུང་གིས་ རྒུད་འཐུས་བློ་གཏད་མ་དངུལ་དེ་ འཕྲལ་མགྱོགས་ར་ ལོགས་སུ་སྦེ་ བཞག་དགོཔ་འདུག་ཟེར་ཞུ་མི་ དེ་ཡང་ སོ་ནམ་པ་ཚུ་ རང་བཞིན་གྱི་རྐྱེན་ངན་ལུ་བརྟེན་ གནོད་སྐྱོན་བྱུང་མི་ཚུ་ལུ་ གཞུང་གིས་ ངོས་ལེན་འབད་དེ་ཡོདཔ་ཨིན་ཟེར་ཨིན་པས།
སོ་ནམ་བློན་པོ་ ཡོན་ཏན་ཕུན་ཚོགས་ཀྱིས་ གྲོས་བསྡུར་ཚུ་ ལེགས་ཤོམ་འབད་དགོཔ་ཡོད་ཟེར་ཨིནམ་ད་ སོ་ནམ་པ་ཚུ་ལུ་ གྱོང་རྒུད་ཕོག་མིའི་ རྒུད་འཐུས་སྐོར་ལས་ ལཱ་ཚུ་འབད་བའི་བསྒང་ཡོད་ཟེར་ ཞུ་ཡི།
ཧེ་མ་འབད་བ་ཅིན་ རྒུད་འཐུས་ཀྱི་ལམ་ལུགས་མེད་མི་དེ་ ལག་ལེན་འཐབ་ཡོདཔ་ད་ ལས་འགུལ་ཆུང་བ་ཚུ་ལུ་རྐྱངམ་གཅིག་ རྒུད་འཐུས་ཆུང་ཀུ་རེ་ བྱིན་ནུག་ཟེར་ བློན་པོ་གིས་ ཞུ་བའི་ཁར་ སྤྱི་ལོ་༢༠༠-༢༠༠༣ ལུ་ མོ་བཏབ་ལས་འགུལ་ནང་ གཅན་གཟན་སྟག་གིས་ གནོད་སྐྱོན་རྐྱབ་མི་ལུ་ ཕྱི་རྒྱལ་གྱི་རྒྱབ་སྐྱོར་ཐོག་ལས་ ལག་ལེན་འཐབ་ཡོད་རུང་ ཤུལ་ལས་མ་དངུལ་ལང་མ་ཚུགས་མི་ལུ་བརྟེན་ མཚམས་འཇོག་འབད་ཡི་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ གྲོས་གཞི་གུ་ གསུང་གྲོས་གནང་ཞིནམ་ལས་ སོ་ནམ་པ་ཚུ་གིས་ ལོ་ཐོག་རེད་ གེ་ཟ་ ཀེ་བ་ ཚལ་ལུ་ དང་ ནོར་ ཕགཔ་ བྱ་གི་རིགས་ གྱོང་རྒུད་ཕོག་མི་ཚུ་ལུ་ རྒུད་འཐུས་བྱིན་འོང་ཟེར་ཨིན་པས།
རྒུད་འཐུས་ཀྱི་ ལོ་བསྟར་རྩིས་བཀོད་འབད་མིའི་ནང་ ལྷན་ཁག་གིས་ གལ་སྲིད་ གཞུང་དང་མི་སེར་གྱིས་ གྱོང་རྒུད་ཚུ་ བརྒྱ་ཆ་༥༠ འདྲ་མཉམ་འབད་བ་ཅིན་ ལོ་ཐོག་གི་དོན་ལུ་ དངུལ་ཀྲམ་ས་ཡ་༨༣ དང་ སྒོ་ནོར་སེམས་ཅན་ལུ་ དངུལ་ཀྲམ་ཐེར་འབུམ་༡.༠༣ གྱི་ཚོད་རྩིས་ ཡོད་ཟེར་ཨིན་པས།
རྩིས་བཀོད་དེ་ཡང་ ལོ་བསྟར་འོང་འབབ་ལུ་ གཞི་བཞག་ཐོག་ སོ་ནམ་པ་ཚུ་གིས་ ལོ་ཐོག་འཛུགས་སྐྱོང་དང་ ཚོང་འབྲེལ་འཐབ་མི་ དེ་ལས་ གོང་ཚད་ཚུ་གི་ཐོག་ལས་འབད་ཡི་ཟེར་ བློན་པོ་གིས་ ཞུ་ཡི།
གཞུང་གིས་ རྒུད་འཐུས་ཚུ་ བརྒྱ་ཆ་ལས་བརྒྱ་འབད་ནི་ལུ་ ལཱ་ཁག་འདུག་ཟེར་ཨིནམ་ད་ གཞུང་དང་ མི་སེར་ དེ་ལས་ འབྲེལ་བ་ཅན་གྱི་ལས་ཚབ་ཚུ་གིས་ འདྲ་མཉམ་འབད་བ་ཅིན་ གྲོས་འཆར་བྱུང་ཚུགས་ནི་མས་ཟེར་ཨིན་པས།
བློན་པོ་གིས་ ལག་ལེན་ཚུ་ དེ་འཕྲོ་ལས་འབད་མི་ཚུགས་ཟེར་ཨིནམ་ད་ ད་ལྟོ་ཡོད་པའི་ གློག་མེའི་ར་བ་དང་ ལྕགས་ར་ཚུ་སྒྲིང་སྒྲི་བཟོ་དགོ་ནི་དང་ ངོས་ལེན་ཅན་གྱི་འཆར་དངུལ་ཚུ་ ལོ་ལྔའི་འཆར་གཞི་༡༣ པའི་ནང་ བཙུགས་ནི་ཨིན་ཟེར་ཨིན་པས།
འཐུས་མི་མང་ཤོས་ཅིག་གིས་ གཞུང་གིས་ རྒུད་འཐུས་བརྒྱ་ཆ་༧༠ འབག་དགོཔ་སྦེ་ ཞུ་བ་འབད་ཡོདཔ་ཨིན་པས།
མོང་སྒར་འཐུས་མི་ གནས་བརྟན་དབང་ཕྱུག་གིས་ ང་བཅས་རྒྱལ་ཁབ་ནང་ ལས་ཚབ་མ་འདྲཝ་ཚུ་ཡོདཔ་ལས་ དེ་ཚུ་གིས་ མཉམ་འབྲེལ་གྱི་འགན་ཁུར་འབག་སྟེ་ རྒྱབ་སྐྱོར་འབད་ཚུགས་ཟེར་ ཞུ་ཡི།
སྒང་ཟུར་སྨིན་རྗེ་འཐུས་མི་ བློ་གྲོས་ཚེབརྟན་གྱིས་ ལོ་བསྟར་གྱི་ སོ་ནམ་རྒུད་འཐུས་ཚུ་ གཞུང་གི་འཆར་དངུལ་ནང་ བཙུགས་དགོཔ་སྦེ་ཨིནམ་ད་ དེ་གིས་ ཡུན་བརྟན་གནས་ཚུགས་ཟེར་ ཞུ་ཡི།
ནུས་ཤུགས་དང་ རང་བཞིན་སླར་འབྱུང་བློན་པོ་ མགོནམོ་ཚེ་རིང་དང་ དངུལ་རྩིས་བློན་པོ་ ལེགས་སྐྱིད་རྡོ་རྗེ་གིས་ཡང་ གྲོས་བསྡུར་ནང་ གྲལ་གཏོགས་འབད་ཡོདཔ་ཨིན་པའི་གནས་ཚུལ།
ཚེ་རིང་དབང་འདུས།