༉ འཕྲལ་ཁམས་ཅིག་ཁར་ གསར་བཏོན་འབད་མི་ མི་མང་བདག་སྐྱོང་ནང་ ཕོ་མོའི་འདྲ་མཉམ་(༢༠༢༢-༢༠༢༣)གྱི་ བརྟག་ཞིབ་སྙན་ཞུ་དང་འཁྲིལཝ་ད་ མ་གཞི་ སྤྱི་ལོ་༢༠༢༢ ལུ་ ཞི་གཡོགཔ་བརྒྱ་ཆ་༤༠ ཨམ་སྲུ་ཡོད་རུང་ གྲོས་ཐག་བཅད་མི་དང་ ཡང་ཅིན་ འགོ་ཁྲིདཔ་གི་ འགན་ཁུར་འབག་མི་དེ་ བརྒྱ་ཆ་༢༠.༤ ལས་བརྒལ་མེདཔ་སྦེ་ མངོན་གསལ་བྱུང་ནུག།
སྙན་ཞུ་དེ་ཡང་ ཐིམ་ཕུག་ལུ་སྦེ་ སྤྱི་ཟླ་༡༡ པའི་ཚེས་༡༥ ལུ་ ཡུན་བརྟན་གོང་འཕེལ་དམིགས་ཡུལ་མཉམ་འབྲེལ་ བདུན་ཕྲག་ལས་རིམ་ འགོ་འདྲེན་འཐབ་པའི་སྐབས་ གསར་བཏོན་འབད་ཡོདཔ་ཨིན་པས།
སྤྱི་ལོ་༢༠༢༣ གྱི་ ཞི་གཡོག་གནས་སྡུད་དང་འཁྲིལཝ་ད་ ཞི་གཡོགཔ་ཡོངས་བསྡོམས་ལས་ ཨམ་སྲུ་བརྒྱ་ཆ་༢༣ རྐྱངམ་གཅིག་ བཀོད་ཁྱབ་གནས་རིམ་ནང་ ཡོདཔ་ཨིན་པས།
ཧེ་མ་ལས་ར་ ལཱ་གི་གནས་སྟངས་ནང་ ཨམ་སྲུ་དག་ཕྱདཔ་ད་ ཕོ་སྐྱེས་ཚུ་ ལྕོགས་གྲུབ་ཅན་ཨིནམ་སྦེ་ ངོས་ལེན་འབད་མི་ལུ་བརྟེན་ གྲོས་ཐག་གཅད་ནིའི་གནས་རིམ་ནང་ ཨམ་སྲུ་མངམ་མེདཔ་བཞིན་དུ་ འཕྲལ་འཕྲལ་ར་ ཨམ་སྲུ་ཚུ་ལུ་བྱུང་བའི་དམིགས་བསལ་གྱི་དགོས་མཁོ་དང་ གདོང་ལེན་ཚུ་ སྣང་མེད་བཞག་མི་དེ་གིས་ ཨམ་སྲུ་ཚུ་གི་ ཚེ་གཡོག་གོང་འཕེལ་གཏང་ནི་ལུ་ ཐོ་ཕོག་དོ་ཡོདཔ་སྦེ་ སྙན་ཞུའི་ནང་ ཤེས་རྟོགས་བྱུང་ནུག།
མི་སྡེའི་ལམ་ལུགས་དང་ ཨམ་སྲུ་ཚུ་འགན་ཁུར་དང་ ལྕོགས་གྲུབ་ཀྱི་རེ་འདོད་ལུ་བརྟེན་ ཚེ་གཡོག་རེ་འདོད་དང་ གོ་སྐབས་ཚུ་ དམ་སྒྲིང་འབད་དོ་ཡོདཔ་མ་ཚད་ དམིགས་བསལ་དུ་ གྲོང་གསེབ་ཚུ་ནང་ གཞི་རྟེན་མཐུན་རྐྱེན་ཚུ་ ལངམ་མེད་མི་ལུ་བརྟེན་ཏེ་ཡང་ རེ་འདོད་ཚུ་ འགྲུབ་མི་ཚུགས་དོ་ཡོདཔ་ཨིན་པས།
གནད་དོན་དེ་ལུ་བརྟེན་ ཨམ་སྲུ་ཚུ་གིས་ ལས་སྡེ་ཚུ་ནང་ ལཱ་གཡོག་འཚོལ་ཞིབ་འབད་ནི་ལུ་ སེམས་ཤུགས་ཉམས་འགྱོ་དོ་ ཡོདཔ་ཨིན་པས།
ཨམ་སྲུ་ཚུ་ལུ་ བསླབ་སྟོན་པ་དང་ ཚེ་གཡོག་ལམ་སྟོན་པ་མེད་པའི་ དཀའ་ངལ་ལུ་བརྟེན་ ཨམ་སྲུ་ཚུ་གི་ ཁྱད་རིག་གོང་འཕེལ་གཏང་ནི་དང་ མདུན་སྐྱོད་གོ་སྐབས་མི་འཐོབ་དོ་ཡོདཔ་ཨིན་པས།
སྤྱིར་བཏང་ ཕོ་མོའི་འདྲ་མཉམ་གཞི་རྩ་དང་ སྲིད་བྱུས་ དེ་ལས་ ཕོ་མོའི་འདྲ་མཉམ་གོང་འཕེལ་གཏང་ནི་གི་ གཞུང་གི་ལས་སྡེ་འགན་ཁུར་གྱི་སྐོར་ལས་ གོ་བ་བརྡ་སྤྲོད་དང་ གོ་རྟོགས་ཚུ་མེད་པའི་སྐོར་ལས་ཡང་ སྙན་ཞུ་ནང་ བཀོད་དེ་ཡོདཔ་ཨིན་པས།
སྙན་ཞུའི་ནང་ མོ་ཕོའི་འདྲ་མཉམ་སྲིད་བྱུས་བརྩམ་དགོཔ་ད་ འབྲེལ་ཡོད་གཙུག་སྡེ་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་ ལྕོགས་གྲུབ་གོང་འཕེལ་གཏང་དགོཔ་དང་ ཕོ་མོའི་འདྲ་མཉམ་གྱི་སྲིད་བྱུས་ བསྟར་སྤྱོད་འབད་ནི་དང་ རྒྱལ་ཡོངས་ཕོ་མོའི་ཐབས་ལམ་ དོན་སྨིན་ཅན་ཅིག་གོང་འཕེལ་གཏང་ནི་ ལྕོགས་གྲུབ་དང་ རང་དབང་ལྷན་ཐབས་འབད་དགོ་པའི་ གྲོས་འདེབས་བཀོད་དེ་ ཡོདཔ་ཨིན་པས།
དེ་བཟུམ་སྦེ་ ཕོ་མོ་འདྲ་མཉམ་སྦེ་ གསར་བཙུགས་ལྷན་ཐབས་ལུ་ མི་སྟོབས་ཀྱི་སྲིད་བྱུས་དང་ སྒྲིག་གཞི་ དེ་ལས་ མི་སྟོབས་ཀྱི་ བྱ་རིམ་གཞན་ཚུ་ཡང་ བསྐྱར་ཞིབ་འབད་དགོཔ་སྦེ་ གྲོས་འདེབས་བཀོད་དེ་ ཡོདཔ་ཨིན་པས།
སྙན༌ཞུའི་ནང་ འབྲུག་གི་འཛམ་གླིང་རྒྱལ་སྤྱི་གོང་འཕེལ་ལས་རིམ་དང་ རྒྱལ་སྤྱིའི་མི་སྡེ་དང་དཔལ་འབྱོར་ལས་ཁུངས་ དེ་ལས་ རྒྱལ་ཡོངས་ཨམ་སྲུ་དང་ཨ་ལུའི་ལྷན་ཚོགས་ཚུ་གིས་ རྒྱབ་སྐྱོར་འབད་ཡོད་པའི་གནས་ཚུལ།

བདེ་ཆེན་དབང་མོ།

Advertisement