༉ རྒྱལ་ཁབ་ནང་ ཞིང་ཆུའི་གཡུར་བ་ ལེགས་ཤོམ་མེད་པའི་དཀའ་ངལ་ལུ་བརྟེན་ རྫོང་ཁག་དག་པ་ཅིག་ནང་ཡོད་པའི་ སོ་ནམ་པ་ཚུ་གིས་ ཁོང་རའི་འབྱ་ཞིང་ཚུ་ སྤང་སྦེ་བཞག་དོ་ཡོད་མི་དེ་ཡང་ གཙོ་བོ་ར་ གནམ་བྱཱར་ལྕང་ལཱ་རྐྱབ་པའི་དུས་ཚོད་ཁར་ ཞིང་ཆུ་ལང་མ་ཚུགས་པའི་གནད་དོན་ལུ་ བརྟེན་ཨིན་ཟེར་ཨིན་པས།
གཞལམ་སྒང་ལུ་འབད་བ་ཅིན་ སོ་ནམ་ལཱ་དང་འབྲེལ་བའི་ འཇིགས་སྣང་དང་ གདོང་ལེན་བྱུང་ཡོད་མི་དེ་ ཞིང་ཆུའི་རྐ་ཚད་ཅིག་ལས་བརྒལ་མེདཔ་ལས་ སོ་ནམ་པ་ཚུ་ནང་འཁོད་ རྩོད་རྙོག་ཚུ་ བྱུང་མི་ལུ་བརྟེན་ཨིན་པས།
ལྕང་ལཱ་རྐྱབ་པའི་ནམ་དུས་ལུ་ སྤྱི་འོག་ནང་ ཚོགས་པ་དེ་ཕན་ཚུན་རྩོད་རྙོག་བྱུང་མི་ཚུ་ ཉོགས་བསལ་འབད་དེ་ སྡོད་དགོཔ་བྱུངམ་ཨིན་པས།
འདི་བཟུམ་གྱི་ རྩོད་རྙོག་ཚུ་ཐོན་པའི་སྐབས་ལུ་ ང་གིས་ མཉམ་འབྲེལ་ག་དེ་དྲག་དྲག་འབད་བའི་ཁར་ འཐབ་འཛིང་མར་ཕབ་འབད་ཐབས་འབདཝ་ཨིན་ཟེར་ཨིནམ་ད་ རྩོད་རྙོག་དེ་ འཕྲལ་འཕྲལ་སྐབས་ ཕམ་དང་ བུ་གཞི་གི་བར་ན་ཡང་ ཐོན་དོ་ཡོདཔ་ལས་ ང་བཅས་ར་ མི་སྡེ་ཆུང་ཀུ་ཅིག་ལས་བརྒལ་མེད་མི་ལུ་བརྟེན་ བཟའ་ཚང་ནང་འཁོད་ལུ་ གཅིག་མཐུན་ཐོག་སྡོད་དགོཔ་གལ་ཆེ་ཟེར་ ཤིང་མཁར་ཚོགས་པ་ ངག་དབང་ཀུན་དགའ་གིས་ བཤདཔ་ཨིན་པས།
རྩོད་རྙོག་བྱུང་སའི་ གནད་དོན་གཙོ་བོ་གཅིགཔོ་དེ་ ཆུ་བགོ་བཀྲམ་གྱི་ལམ་ལུགས་ནང་ བཀོད་སྒྲིག་འབད་མིའི་ཐོག་ལུ་ གནས་མ་ཚུགས་པར་ ཐོན་དོ་ཡོད་མི་དེ་ཡང་ གཡུས་མི་ཚུ་གི་ནང་འཁོད་ལུ་ ཞིང་ཆུ་སྐོར་རྒྱབ་སྦེ་ ཉིནམ་ལྔའི་བར་ན་ ཚར་རེ་ཡོད་མི་ཚུ་ནང་ བྱུངམ་ཨིན་པས།
སོ་ནམ་པ་ལ་ལུ་ཅིག་གིས་ གནམ་ནུབ་མོ་ ཆུ་བགོ་བཤའ་རྐྱབ་བཞག་མི་དེ་ ཁོང་རའི་ཞིང་ནང་ ཁ་བསྒྱུར་བཏང་པའི་སྐབས་སུ་ གཞན་མི་ཚུ་ ཆུ་བསྲུང་སྡོད་ནི་ལུ་ ལཱ་ཁག་རྐྱབ་དོ་ཡོད་མི་དེ་ གཡུས་མི་ཚུ་ལུ་ ཚ་གྱང་ཆ་བའི་གནད་དོན་ཅིག་ཨིན་པས།
ལྕང་ལཱ་རྐྱབ་ནི་ ཕྱིས་ཏེ་ལུས་མི་དེ་ཡང་ ཁྱིམ་གུང་རེ་གིས་ ཉིནམ་གསུམ་གྱི་བར་ན་ ཞིང་ཆུའི་སྐོར་རྒྱབ་ ཚར་རེ་མ་གཏོགས་མི་ཐོབ་དོ་ཡོདཔ་ལས་ ལ་ལུ་ཅིག་ ཆུའི་སྐོར་རྒྱབ་ལྷོད་ནི་ལུ་ ཟླཝ་ལས་བཅད་དེ་ འགོར་དོ་ཡོདཔ་བཞིན་དུ་ ཤིང་མཁར་སྤྱི་འོག་ནང་ ཁྱིམ་གུང་༥༠ ཡོད་མིའི་ནང་ ས་ཆ་ཨེ་ཀར་༢༠༠ ལྷགཔ་ཅིག་ ཡོདཔ་ཨིན་པས།
ང་བཅས་ཀྱིས་ འབྱ་བསྡུ་གསོག་ལུ་ བརྟེན་སྡོད་མི་གཙོ་བོ་ཅིག་ཨིནམ་ད་ གཞན་མི་རྫོང་ཁག་ཚུ་བཟུམ་སྦེ་ ཚོད་བསྲེ་གི་རིགས་ འཛུགས་སྐྱོང་འབད་ནི་མེདཔ་བཞིན་དུ་ ཞིང་ཆུ་དེ་ དཀོན་དྲག་འབད་བའི་བསྒང་ལས་ ཁྱིམ་ཚང་ནང་འཁོད་ལུ་ དོ་འགྲན་ཚུ་ འབྱུངམ་མས་ཟེར་ ངག་དབང་ཀུན་དགའ་གིས་ བཤདཔ་ཨིན་པས།
ཞིང་ཆུ་ལང་མ་ཚུགས་པའི་ ཚ་གྱང་དེ་གིས་ གདོང་ལེན་ཚུ་ ངོས་ལེན་འབད་དགོཔ་ཡོདཔ་ད་ གཞན་ཡང་ སོ་ནམ་པ་ཚུ་གིས་ མི་སྡེའི་ནང་ གདོང་ལེན་ཚུ་བྱུང་སྟེ་ར་ཡོདཔ་ལས་ གལ་སྲིད་ ཕན་ནུས་ཅན་གྱི་འཛིན་སྐྱོང་དང་ ཡུན་བརྟན་གྱི་ཐབས་ལམ་ཚུ་ མ་འགྲིགསཔ་འདྲཝ་འབད་བ་ཅིན་ དཀའ་ངལ་དེ་ འཕྲོ་མཐུད་དེ་ར་ སོ་ནམ་པ་ཚུ་ལུ་ འཐོན་བཞིན་དུ་སྡོད་ནི་མས་ཟེར་ཨིན་པས།
དེ་ལས་ སྒོ་ཤིང་རྒེད་འོག་གི་ སོ་ནམ་པ་ཚུ་ལུ་ཡང་ གནས་སྟངས་དེ་ ཅོག་འཐདཔ་སྦེ་ཡོདཔ་ད་ ལྕང་ལཱ་རྐྱབ་ནིའི་དོན་ལུ་ དུས་ཚོད་མང་ཤོས་ར་ ཆརཔ་ལུ་བསྒུག་སྡོད་དོ་ཡོདཔ་ད་ ཁོང་གིས་ ད་ལས་ཕར་ མ་འོངས་པའི་ནང་ གདོང་ལེན་ཚུ་སྦོམ་ར་ འབྱུང་ནི་མས་ཟེར་ཨིན་པས།
ལམ་སྟང་ཚོགས་པ་བཟང་པོ་གིས་ བཤད་མིའི་ནང་ གལ་སྲིད་ ཞིང་ཆུའི་དཀའ་ངལ་དེ་ མ་བསལ་བར་བཞག་སྟེ་འབད་བ་ཅིན་ དེ་གིས་ རྩོད་རྙོག་དེ་ སྦོམ་སྦེ་ར་འཐོན་ནིའི་ཉེན་ཁ་འདུག་ཟེར་ཨིན་པས།
ལྕང་ལཱ་རྐྱབ་པའི་ནམ་དུས་ལུ་ཡང་ རྩོད་རྙོག་ཚུ་འཕྲལ་འཕྲལ་སྦེ་ར་བྱུང་སྟེ་ ཡོད་ཟེར་ཨིནམ་ད་ ད་ལྟོ་ཚུན་ལུ་འབད་བ་ཅིན་ རྩོད་རྙོག་ཚུ་ག་དེ་སྦེ་ ཐོན་ཏེ་འབད་རུང་ ང་བཅས་ཀྱིས་ གཡུས་སྒོའི་ནང་འཁོད་ལུ་ར་ ཉོགས་བསལ་འབདཝ་མ་གཏོགས་ ཆེ་མཐོའི་གནད་དོན་ནང་ འབྲེལ་བ་འཐབ་དགོཔ་མ་ཐོན་ཟེར་ ཁོ་གིས་བཤདཔ་ཨིན་པས།
དེ་འབདཝ་ད་ རྩོག་རྙོག་དེ་ རྒྱ་ཆེ་སུ་ཆེ་སུ་སྦེ་ར་འགྱོཝ་མས་ཟེར་ ཁོ་གིས་བཤད་པའི་ཁར་ མི་སེར་ཚུ་ལུ་ བདེ་སྒྲིག་འབད་ནི་དང་ ཧ་གོ་ཚུགསཔ་བཟོཝ་ད་ ག་ར་གིས་ གོང་འཕེལ་གྱི་ལས་དོན་ཚུ་ འདྲ་མཉམ་དང་ ཐོན་ཁུངས་བགོ་བཀྲམ་འདྲ་མཉམ་དགོཔ་སྦེ་ར་ མཁོ་འདོད་བཀོདཔ་མས་ཟེར་ཨིན་པས།
ད་རུང་ གནད་དོན་ཅིག་དེ་ ཆུའི་རྐ་ཚུ་བསྐམས་འགྱོ་དོ་ཡོད་མི་གིས་ ཧེང་སྐལ་ར་ཚ་གྱང་ཅན་ཅིག་ཨིནམ་ད་ དམིགས་བསལ་གྱི་ གནམ་དགུན་ལུ་ ཚ་གྱང་ཡོད་ཟེར་ཨིནམ་བཞིན་དུ་ རེ་ཚེ་སྐབས་ རྒེད་འོག་གི་ལས་བྱེདཔ་ཚུ་ ཐག་རིང་ས་ལས་ ཆུ་བཟོ་བར་འགྱོ་དགོཔ་ཡང་ ཐོནམ་མས་ཟེར་ཨིན་པས།
ལ་ལུ་ཅིག་གིས་ ཆུ་རྐ་ཁར་སོང་ཞིནམ་ལས་ ཆུ་དེ་ཕྲང་ཕྲང་ཁོང་རའི་ཞིང་ནང་ ཁ་འགོར་བཏངམ་མས་ཟེར་ བཟང་པོ་གིས་ བཤདཔ་ཨིན་པས།
གཞུང་གིས་ སྐུལ་བསྒྲགས་སྐབས་ལུ་ ཞིང་ཆུ་དང་ འཐུང་ཆུ་ལངམ་སྦེ་ བྱིན་ནི་ཨིན་ཟེར་ ཁས་བླངས་འབད་ཡི་ཟེར་ཨིནམ་ད་ ལོ་ལྔའི་འཆར་གཞི་༡༣ པའི་ནང་ ཆུ་གཡུར་༢༤ བཏོན་ནི་ཡོད་མི་ལས་ ཐེབས་ཀི་ལོ་མི་ཊར་༡༤༠ རྒྱ་སྐྱེད་འབད་ནིའི་འཆར་གཞི་ཡོད་མི་གིས་ ས་ཆ་ཨེ་ཀར་༤,༠༠༠ ལུ་ ཁྱབ་ཚུགས་མི་གིས་ རྒྱལ་ཡོངས་ནང་ ཁྱིམ་གུང་༢,༧༠༠ ལུ་ ཁེ་ཕན་འབྱུང་ནི་ཨིན་པའི་གནས་ཚུལ།

ཚེ་རིང་དབང་འདུས།

Advertisement