༉ ཐིམ་ཕུག་ཁྲོམ་སྡེའི་ འགྲུལ་འཁོར་བཱསི་ ལག་ལེན་འཐབ་མི་ཚུ་གིས་ ཟླཝ་༢ ཀྱི་ནང་འཁོད་ལུ་ གསར་བཟོ་འབད་མི་ དགའ་སྐྱིད་ར་ཡེཌ་མཉེན་ཆས་(ཨེབ་)ནང་ ཕི་ལིཊ་འཛིན་སྐྱོང་རིམ་ལུགས་(ཨེཕ་ཨེམ་ཨེསི་)ཐོག་ལས་ འགྲུལ་འཁོར་བཱསི་ཚུ་གི་ བཀག་གཏོང་ས་གནས་ཚུ་ནང་ ལྷོད་ནིའི་དུས་ཚོད་ཚུ་ བལྟ་ཚུགས་ནི་ཨིན་པས།
ད་ལྟོ་བཟུམ་ཅིག་འབད་བ་ཅིན་ འགྲུལ་པ་ཚུ་གིས་ ས་གནས་ཁག་གི་ བཱསི་བཀག་ས་ཚུ་ལུ་ དུས་ཚོད་ནམ་འོང་དོ་ཡོདཔ་ཨིན་ན་ ཧ་གོ་མི་ཚུགས་དོ་ཡོདཔ་ཨིན་པས།
སྤྱི་ལོ་༢༠༢༤ ཟླ་༢ པའི་ཚེས་༦ ལུ་ འགོ་འབྱེད་འབད་མི་ ཨེཕ་ཨེམ་ཨེསི་རིམ་ལུགས་དེ་ ད་ལྟོ་བཟུམ་ཅིག་འབད་བ་ཅིན་ ཁྲོམ་སྡེའི་བཱསི་གི་ཞབས་ཏོག་ ལྟ་རྟོག་པ་གིས་ ཁ་བཀོད་བྱིན་ནིའི་དོན་ལུ་ ལག་ལེན་འཐབ་ཡོདཔ་སྦེ་ཨིན་པས།
བཱསི་ལག་ལེན་པ་ཚུ་ དྲོ་པའི་ཆུ་ཚོད་༧ ལས་ ཉིན་མའི་ཆུ་ཚོད་༡༢.༣༠ ཚུན་ སྐོར་རྒྱབ་ཐོག་ལས་ ལཱ་འབདཝ་ད་ ལྟ་རྟོག་པ་གིས་ བཱསི་གི་རེའུ་མིག་ཚུ་ ལྟ་ཐོག་ལས་ སྤྱིར་བཏང་ལཱ་འབད་ས་དང་ དུས་ཚོད་ཁར་ ལམ་འགྲུལ་འབད་དོ་ཡོད་མེད་ ལྟཝ་ཨིན་པས།
རིམ་ལུགས་དེ་གིས་ ཉེན་སྲུང་ ཕན་ཐབས་ ཚོང་མགྲོན་པའི་ཞབས་ཏོག་ དུས་ཚོད་ངེས་བརྟན་གྱི་ས་གནས་ དེད་གཡོགཔ་ཚུ་གི་ བྱ་སྤྱོད་ལྟ་རྟོག་ བཱསི་རེ་རེ་བཞིན་གྱི་ གནས་ཐོ་ལ་སོགས་པ་ ལག་ལེན་འཐབ་ནི་ལུ་ ཕན་ཐོགས་བྱུང་སྟེ་ཡོད་ཟེར་ ཁྲོམ་སྡེ་བཱསི་ཞབས་ཏོག་གི་ བརྡ་དོན་འཕྲུལ་རིག་འགོ་དཔོན་ ཆོས་གྲགས་རྒྱལ་མཚན་གྱིས་ བཤདཔ་ཨིན་པས།
རིམ་ལུགས་ནང་ ཁྲོམ་སྡེའི་བཱསི་ཡོངས་བསྡོམས་༥༥ ཡོད་མི་ཚུ་གི་ གནས་ཐོ་ཁ་གསལ་ བཞག་པའི་ཁར་ གནད་དོན་གལ་གནད་ཅན་རེ་ཐོན་ཏེ་འབད་རུང་ ལྟེ་བ་ལས་ བཀོད་རྒྱ་བྱིན་དོ་ཡོདཔ་ད་ དེ་ཡང་ ཡར་སེང་འབད་མི་བཱསི་བཀག་ས་ རྒྱུན་ལམ་ ཤུགས་ཚད་ འགྲུལ་སྐྱོད་དུས་ཚོད་ གནད་གལ་ཅན་གྱི་ཉེན་སྲུང་ དེད་གཡོགཔ་ར་བཟི་སྟེ་སྣུམ་འཁོར་བཏང་མི་ ཆང་བགྲངས་ཏེ་བཏང་མི་ཚུ་ དམ་འཛིན་འབད་ཚུགས་དོ་ཡོདཔ་ཨིན་པས།
རིམ་ལུགས་དེ་གིས་ བཱསི་གི་ཨང་གྲངས་ལྕགས་ལེབ་ སྣུམ་འཁོར་ངོ་རྟགས་ བཱསི་གི་རྒྱུན་ལམ་ དྲན་གསོ་ དུས་ཚོད་ དེ་ལས་ ས་ཁོངས་ཚུ་གི་ཞབས་ཏོག་ བྱིན་ཚུགས་དོ་ཡོདཔ་ཨིན་པས།
ཆོས་གྲགས་རྒྱལ་མཚན་གྱིས་ བཤད་མིའི་ནང་ ཨེཕ་ཨེམ་ཨེསི་དེ་ལུ་བརྟེན་ མི་སྡེ་བརྡ་བརྒྱུད་ནང་ ཉོགས་བཤད་རེ་བཀོད་མི་འཐོན་རུང་ དྭངས་གསལ་བཟོ་དོ་ཡོདཔ་ད་ གནད་དོན་ཚུ་ལུ་ ལན་ཐད་ཀར་དུ་ རྐྱབ་ཚུགས་པའི་ཁར་ གལ་སྲིད་ འགྲུལ་འཁོར་བཱསི་དེ་གིས་ དུས་ཡུན་སྐར་མ་༢ དང་༣ ལས་བརྒལ་ཏེ་ བཀག་བཞག་པ་ཅིན་ ལྟ་རྟོག་པ་གིས་ དེད་གཡོགཔ་དང་ འབྲེལ་བ་འཐབ་སྟེ་ གནད་དོན་ག་ཅི་ལུ་བརྟེན་ཨིན་ན་ཚུ་ དྲིས་དཔྱད་འབདཝ་ཨིན་ཟེར་ཨིན་པས།
ཁོ་གིས་ བཤད་མིའི་ནང་ རིམ་ལུགས་དེ་གིས་ བཱསི་ལག་ལེན་འཐབ་མི་ཚུ་ལུ་ དོན་མེད་བཱསི་བསྒུག་སྡོད་མི་དགོ་ཟེར་ཨིན་པས།
ད་རུང་ ཁྲོམ་སྡེའི་འགྲུལ་འཁོར་བཱསི་ཚུ་ནང་ པར་ཆས་ཚུ་ བཙུགས་སྒྲིག་འབད་ནི་ཨིནམ་ད་ ད་ལྟོ་བཟུམ་ཅིག་འབད་བ་ཅིན་ གློག་ཤུགས་བཱསི་རྩིས་པའི་ ཡོངས་བསྡོམས་བཱསི་༢༨ ནང་ པར་ཆས་ཚུ་ བཙུགས་ཏེ་ཡོད་ཟེར་ཨིན་པས།
ཁྲོམ་སྡེའི་བཱསི་ཞབས་ཏོག་གིས་ གླ་ཆའི་ཤོག་བྱང་རིམ་ལུགས་ཅིག་ཡང་ བཟོ་བའི་བསྒང་ཡོདཔ་ད་ ད་ལྟོ་ རིམ་ལུགས་དེ་གི་དོན་ལུ་ དངུལ་ཁང་ཚུ་དང་ གྲོས་བསྟུན་འབད་བའི་བསྒང་ཡོདཔ་ལས་ གལ་སྲིད་ རིམ་ལུགས་དེ་ཡོད་པ་ཅིན་ གླ་ཆའི་ཤོག་བྱང་དེ་ དངུལ་འབྲེལ་དང་གཅིག་ཁར་ ཡོངས་འབྲེལ་ཐོག་ལས་ བསྐྱར་གསོ་འབད་ཚུགས་ནི་ཨིན་པས།
ཁྲོམ་སྡེ་བཱསི་ཞབས་ཏོག་གིས་ དགའ་སྐྱིད་ར་ཡེཌ་མཉེན་ཆས་བཟོ་ནིའི་དོན་ལུ་ ཡུ་ཨེན་ཌི་པི་གིས་ མ་དངུལ་རྒྱབ་སྐྱོར་དངུལ་ཀྲམ་༧༠༠,༠༠༠ བྱིན་ཡོདཔ་ད་ ཨེཕ་ཨེམ་ཨེསི་རིམ་ལུགས་དོན་ལུ་འབད་བ་ཅིན་ འཛམ་གླིང་དངུལ་ཁང་གིས་ རྒྱབ་སྐྱོར་འབད་ཡོད་པའི་གནས་ཚུལ།

ཚེ་རིང་དབང་འདུས།

Advertisement