༉ སྐྱེས་ལོ་༣༣ ལང་མི་ མ་ལས་དབང་འཛིན་གྱིས་ མོ་རའི་བུཚ་ སྐྱེས་ལོ་༡༠ ལང་མི་གི་ ཉིན་མའི་ལྟོ་བཅིངས་ཞིནམ་ལས་ གོ་བགྱོན་བྱིན་སྦེ་ སློབ་གྲྭ་ནང་འགྱོ་ནི་ལུ་ གྲ་སྒྲིག་འབད་དོ་ཡོདཔ་ད་ བུཚ་དེ་གིས་ ཁོང་རའི་ རང་ལུགས་ཀྱི་ཁྱིམ་ནང་ལས་ཐོན་ཏེ་ སློབ་གྲྭ་ནང་འགྱོ་བའི་ཤུལ་ལུ་ ཨའི་དབང་འཛིན་གྱིས་ ཐགས་ལཱ་འབད་ནི་ལུ་ གྲ་སྒྲིག་འབདཝ་ཨིན་པས།
མ་ལས་དབང་འཛིན་དེ་ འཁང་མ་གཡུས་ཚན་ནང་ མོ་རའི་ མི་ཚེ་སྐྱོང་ནིའི་དོན་ལུ་ རང་ལུགས་ཀྱི་ ཐགས་འཐགས་མི་ཚུ་གི་གྲས་ལས་ གཅིག་ཨིན་པས།
དེ་ཡང་ པདྨ་དགའ་ཚལ་རྫོང་ཁག་གི་ བྱང་ཕྱོགས་ཁ་ཐུག་ གདན་ཆི་ཁྲོམ་གསརཔ་ནང་ལས་ དུས་ཡུན་ཆུ་ཚོད་ཅིག་གི་རིང་ འགྲོའ་གྲུལ་འབདཝ་ད་ ལྷོད་དོ་ཡོདཔ་ད་ ས་གནས་དེ་ཁར་ སྐྱེས་ལོ་༡༦ དང་༥༠ གི་བར་ནང་འབད་མི་ ཨམ་སྲུ་མང་ཤོས་ཅིག་གིས་ གོང་ཚད་ལེགས་ཤོམ་འཐོབ་པའི་ སྐུད་ཤུད་ཐགས་རས་འཐག་དོ་ཡོདཔ་ད་ དེ་གིས་ ཁོང་རའི་མི་ཚེ་འཚོ་སྐྱོང་འཐབ་ལུ་ འོང་འབབ་གཙོ་བོ་ཅིག་ཨིན་པས།
མ་ལས་དབང་འཛིན་གྱིས་ བཤད་མིའི་ནང་ ང་གིས་ ང་ར་སྐྱེས་ལོ་༢༠ ལངམ་ད་ར་ ཐགས་འཐག་ནི་ འགོ་བཙུགས་ཅི་ཟེར་ཨིནམ་ད་ མོ་རའི་བུ་དང་ ཉེ་ཚན་ཚུ་གི་ ཤེས་ཡོན་སྦྱང་ནི་ལུ་ ཐགས་འཐགས་མི་གིས་ རྒྱབ་སྐྱོར་འབད་ཚུགས་པས་ཟེར་ཨིནམ་ད་ ང་བཅས་གཡུས་ཁར་སྡོད་མི་ག་ར་ལུ་ རང་ལུགས་ཀྱི་ ཐགས་ཆས་ཚུ་ཡོདཔ་ད་ བཟའ་ཚང་འཚོ་སྐྱོང་གི་ འབྱུང་ཁུངས་གཙོ་བོ་ཅིག་ ཐགས་ལཱ་འདི་ཨིན་ཟེར་ མོ་གིས་བཤདཔ་ཨིན་པས།
ལོ་གཅིག་གི་ནང་འཁོད་ལུ་ མོ་གིས་ སྐུད་ཤུད་ཐགས་ར་ ལྔ་དང་དྲུག་གི་བར་ན་ འཐགས་དོ་ཡོདཔ་ད་ དེ་ཡང་ ཐགས་རས་ཀྱི་གོང་ཚད་ཚུ་ཡང་ ཡར་སེང་ཐོག་ དངུལ་ཀྲམ་༤༥,༠༠༠ ལས་འགོ་བཙུགས་ ལོ་དག་པ་ཅིག་གི་རྒྱབ་ལས་ དངུལ་ཀྲམ་༨༥,༠༠༠ ལུ་ ཡར་སེང་སོང་ཡི་ཟེར་ཨིན་པས།
ད་རུང་ ཐགས་འཐག་མི་གཞན་ བསོད་ནམས་དཔལ་སྒྲོན་གྱིས་ བཤད་མིའི་ནང་ མོ་ར་ ཆུང་ཀུ་སྦེ་སྡོད་པའི་སྐབས་ལས་ར་ ཐགས་འཐགས་ཡོདཔ་ད་ ཧེ་མ་འབད་བ་ཅིན་ ཐགས་འཐགས་ཏེ་ འོང་འབབ་འབོར་ཆེ་ཏོག་ཏོ་བཟོ་ཚུགས་པའི་ རེ་བ་མ་བསྐྱེད་ཟེར་ཨིནམ་ད་ ད་རེས་ མོ་གིས་ ཚོང་ལཱ་འབད་ནི་ལུ་ རྒྱབ་སྐྱོར་འབད་བའི་ཁར་ ཁྱིམ་ཡང་རྐྱབ་ཅི་ཟེར་ཨིན་པས།
ཁང་མ་ལུ་ ཨམ་སྲུ་ཚུ་ འཚོ་སྐྱོང་ལེགས་ལྡན་འཐབ་ཚུགས་མི་ཨིནམ་ད་ ཨ་ལོ་གཉིས་ཀྱི་ཨའི་ ལྷ་ལྡན་སྒྲོལ་མ་གིས་ བཤད་མིའི་ནང་ ཨམ་སྲུ་ཚུ་གི་མནོ་ལུགས་དེ་ སྒྱུར་བཅོས་འབད་དགོཔ་འདུག་ཟེར་ཨིནམ་ད་ དེ་ཡང་ མང་ཤོས་ཅིག་གིས་ ད་ལྟོའི་བར་ན་ཡང་ རྨགཔ་རྐྱངམ་གཅིག་ལུ་ བརྟེན་དགོཔ་སྦེ་ཨིན་མས་ཟེར་ཨིནམ་ད་ ང་གིས་ ག་དེ་དྲག་དྲག་ ཐགས་འཐག་ཞིནམ་ལས་ ང་རའི་ཨ་ལོ་དེ་ མཐོ་རིམ་ཤེས་ཚད་ མཇུག་བསྡུ་ཚུགསཔ་འབད་ནི་ཨིན་ཟེར་ མོ་གིས་བཤདཔ་ཨིན་པས།
ཐགས་འཐག་ནི་དེ་ ང་བཅས་ཀྱི་ ཕམ་ཚུ་ལས་བརྒྱུད་དེ་ འོང་འོངམ་ཅིག་ཨིནམ་ལས་ བུམོ་ཆ་ཁྱབ་ཀྱིས་ ཆུང་ཀུའི་བསྒང་ལས་ར་ ཁོང་རའི་ཕམ་ཚུ་ལས་ ཐགས་འཐག་ནི་ ལྷབ་སྦྱང་འབད་དོ་ཡོདཔ་ད་ བུམོ་ཚུ་གིས་ ཨའི་ཆ་ཁྱབ་ ཐགས་འཐག་པའི་སྐབས་སུ་ བལྟ་ཞིནམ་ལས་ ཤུལ་ལས་ཁོང་ར་ ཐགས་སྦྱང་བ་འབདཝ་ད་ མགྱོགས་སུ་སྦེ་ ཤེས་ཚུགས་པས་ཟེར་ ཆོས་ཉིད་བཟང་མོ་གིས་ བཤདཔ་ཨིན་པས།
མ་གཞི་ ཕོ་སྐྱེས་ཚུ་གིས་ ཐགས་ལཱ་འབད་ནི་མེད་རུང་ རེ་གཉིས་ཀྱིས་ འཐགསཔ་མས་ཟེར་ཨིནམ་ད་ ཕོ་སྐྱེས་རྒན་ཤོས་དང་ བུམོ་སྐྱེས་ལོ་༡༡ ལང་མི་གིས་ ཐགས་འཐགས་མི་ལུ་ མི་སྡེའི་ཁ་ཐུག་ལས་ གྲོགས་རམ་ཚུ་འབད་དོ་ཡོདཔ་ཨིན་པས།
ཁང་མ་གི་ ཕོ་སྐྱེས་ཚུ་གིས་ ཨམ་སྲུ་ཚུ་ལུ་ ངལ་རངས་བྱུང་མི་དེ་ ཁོང་གིས་ ཐགས་འཐགས་ཏེ་ འོང་འབབ་བཟོ་ཚུགས་ནི་དེ་གིས་ཨིན་པས།
སྐྱེས་ལོ་༦༧ ལང་མི་ཆོས་གྲུབ་ཀྱིས་ རང་ལུགས་ཀྱི་ཐགས་རིགས་ཚུ་ བསྡུ་ལེན་འབད་དེ་ རྫོང་ཁག་གཞན་ཁར་ བཙོང་པར་འབག་དོ་ཡོདཔ་ད་ ཐིམ་ཕུག་ཚེས་བཅུ་དང་ སྤ་རོ་ཚེས་བཅུའི་་སྐབས་ལུ་ ང་གིས་ སྐུད་ཤུད་ཐགས་རས་ཚུ་ བཙོངམ་ཨིན་ཟེར་ ཁོ་གིས་བཤདཔ་ཨིན་པས།
ད་རེས་ནངས་པར་ ཚོང་འབྲེལ་གྱི་ ཚོང་ལམ་དེ་ ལེགས་ཤོམ་སོང་ཡོདཔ་ལས་ གཡུས་མི་མང་ཤོས་ཅིག་གིས་ ཐགས་རིགས་ཚུ་ ཡོངས་འབྲེལ་ཐོག་ལས་ བཙོང་དོ་ཡོདཔ་ད་ ཚོང་མགྲོན་པ་ཚུ་གིས་ འགྲུལ་འཕྲིན་དང་ ཡོངས་འབྲེལ་ཐོག་ལས་ ཁོང་རའི་བློ་འདོད་དང་བསྟུན་པའི་ གོ་ལ་ཚུ་ སྔོན་མངགས་འབད་དོ་ཡོདཔ་ཨིན་པས།
སློབ་གྲྭ་ནང་ལས་ཐོན་སྡོད་མི་ པ་སངས་ལྷ་མོ་གིས་ ཐགས་འཐག་མི་ཆ་རོགས་ཚུ་ལུ་ མི་སྡེ་བརྡ་བརྒྱུད་ཐོག་ལས་ ཚོང་བཙོང་ནི་ལུ་ ཆ་རོགས་འབད་དོ་ཡོདཔ་ད་ མོ་གིས་ ཐགས་འཐགས་ཚར་མི་ གོ་ལའི་རིགས་ཚུ་ པར་བཏབ་ཞིནམ་ལས་ མི་སྡེ་བརྡ་བརྒྱུད་ནང་བཙུགས་ཏེ་ འདི་དང་བསྟུན་པའི་གོང་ཚད་ཡང་བཏགས་སྦེ་ བཞག་དོ་ཡོདཔ་ལས་ ཁོང་གིས་ དྲན་སྣང་འབད་མིའི་ནང་ ཧེ་མ་འབད་བ་ཅིན་ དཀྱི་ར་ཚུ་ ཚེས་བཅུ་རནམ་ད་རྐྱངམ་གཅིག་ བཙོང་དོ་ཡོད་རུང་ ད་རེས་ནངས་པར་ མི་སྡེ་བརྡ་བརྒྱུད་ལུ་བརྟེན་ ནམ་ར་འབད་རུང་ བཙོང་ཚུགས་པས་ཟེར་ཨིན་པས།
མ་གཞི་ སྐུད་ཤུད་ཐགས་རཧ་འཐག་ནི་དེ་ འཇམ་ཏོང་ཏོ་ཅིག་མེནམ་ད་ ལཱ་འདི་ལཱ་ཁག་ཅིག་དང་ ཡུན་རིངམོ་འགོར་མི་ཅིག་ཨིནམ་བཞིན་དུ་ ཐགས་འཐག་མི་གིས་ མིག་ཏོ་ན་ནི་དང་ སྐེདཔ་ན་ནི་ཚུ་ཡོད་དེ་འབད་རུང་ ང་རའི་ཨ་ལོ་ལུ་ མ་དངུལ་གྱི་རྒྱབ་སྐྱོར་འབད་ནི་དང་ སྐྱིན་འགྲུལ་བཏབ་ནི་ཚུ་ འབད་ཚུགས་པས་ཟེར་ཨིན་པས།
ཐགས་འཐག་མི་ཚུ་གིས་ བཤད་མིའི་ནང་ ད་རེས་ འཕྲལ་ཁམས་ལུ་ གསེར་ཤུད་སྐུདཔ་གི་ གོང་ཚད་ཡར་སེང་འགྱོ་མི་གིས་ ང་བཅས་ཀྱི་ འོང་འབབ་ལུ་ ཐོ་ཕོག་སྟེ་ཡོད་ཟེར་ཨིནམ་ད་ གཡུ་རུང་རྒཔོ་ སངས་རྒྱས་འཕྲིན་ལས་ཀྱིས་ བཤད་མིའི་ནང་ སྐུད་ཤུད་ཐགས་རས་ཀྱི་ཚོང་འབྲེལ་དེ་ ཁང་མ་གཡུས་ཚན་ནང་ གཙོ་བོ་ཅིག་ལུ་གྱུར་ཏེ་ཡོད་ཟེར་ཨིནམ་ད་ དེ་གིས་ སོ་ནམ་གྱི་ལཱ་ཚུ་ནང་ཡང་ ལྷན་ཐབས་འབད་དེ་ཡོད་ཟེར་ཨིན་པས།
ད་རེས་ནངས་པར་ འོང་འབབ་ལེགས་ཤོམ་བཟོ་ཚུགས་མི་ལུ་བརྟེན་ འཁང་མ་གཡུས་ཚན་གྱི་ མི་མང་ཤོས་ཅིག་གི་ཁྱིམ་ནང་ལུ་ དེང་སང་གི་ཅ་ཆས་ རྒྱང་མཐོང་ཊི་བི་དང་ ཁྱེགས་སྒྲོམ་ དེ་ལས་ གོ་ལ་འཁྱུ་ནིའི་འཕྲུལ་ཆས་ཚུ་ བཙུགས་ཏེ་འདུག་ཟེར་ ཨིན་པའི་གནས་ཚུལ།

ཚེ་རིང་དབང་འདུས།

Advertisement