༉ སྤྱི་ཟླ་དང་པའི་ཚེས་༡༠ ལུ་ གློག་ཤུགས་མེ་ག་ཝཱཊ་༦༠༠ འབད་མི་ འཁོར་ལོ་ཆུ་གློག་མེ་ལས་འགུལ་(ཀེ་ཨེཆི་པི་ཨེལ་)གྱི་ བཀོད་ཚོགས་ཀྱིས་ བཀྲིས་གཡང་རྩེ་ལུ་སྦེ་ འགོ་དང་པ་ ཡོངས་ཁྱབ་ཞལ་འཛོམས་འཚོགས་པའི་སྐབས་ ཆུ་མཛོད་དང་ གློག་མེ་འཕྲུལ་ཁང་བཟོ་སྐྲུན་དོན་ལུ་ ཇའེ་པར་ཀཱཤ་ལས་སྡེ་(ཇེ་ཨེ་ཨེལ་)དང་ བཟོ་སྐྲུན་གོང་འཕེལ་ལས་འཛིན་(སི་ཌི་སི་ཨེལ་)དང་གཅིག་ཁར་ དངུལ་ཀྲམ་ཐེར་འབུམ་༡༦.༨ གནས་པའི་ གན་ཡིག་གུ་ མཚན་རྟགས་བཀོད་ཡོདཔ་ཨིན་པས།
ལས་འགུལ་དེ་ འབྲུག་སྔོ་ལྗང་གློག་མེ་ལས་འཛིན་(ཌི་ཇི་པི་སི་)དང་ ཊ་ཊ་གློག་མེ་ལས་སྡེའི་(ཊི་པི་སི་)བར་ནའི་ མཉམ་འབྲེལ་ལས་འགུལ་ཅིག་ཨིནམ་ད་ ལས་འགུལ་གྱིས་ བཀོད་ཁྱབ་གཙོ་འཛིན་དང་ དངུལ་འབྲེལ་གཙོ་འཛིན་ཚུ་ བསྐོ་བཞག་འབད་ཡོདཔ་ཨིན་པས།
བཀོད་ཚོགས་ཀྱིས་ རྡོ་རུག་དང་བྱེམ་ བཀྲམ་སྤེལ་གྱི་དོན་ལུ་ ཁག་འབག་གནང་བ་ གྲུབ་ཡོདཔ་ཨིན་པས།
ནུས་ཤུགས་དང་རང་བཞིན་ཐོན་སྐྱེད་ལྷན་ཁག་གི་ དྲུང་ཆེན་ཀརྨ་ཚེ་རིང་གིས་ སླབ་མིའི་ནང་ ཇེ་ཨེ་ཨེལ་དང་ སི་ཌི་སི་ཨེལ་དང་གཅིག་ཁར་ ཞི་བའི་ཁག་འབག་ལཱ་སྦོམ་༣ གྱི་ གན་ཡིག་གུ་ མཚན་རྟགས་བཀོད་ཅི་ཟེར་ཨིན་པས།
ཆུ་མཛོད་བཟོ་སྐྲུན་འབད་ནིའི་ གན་ཡིག་དོན་ལས་ ཇེ་ཨེ་ཨེལ་ལུ་ དངུལ་ཀྲམ་ཐེར་འབུམ་༩.༧ བྱིན་ཡོདཔ་ད་ གློག་མེ་ལས་འགུལ་གྱི་ གན་ཡིག་དེ་ ཇེ་ཨེ་ཨེལ་དང་ སི་ཌི་སི་ཨེལ་གྱི་བར་ན་ བགོ་བཤའ་རྐྱབ་སྟེ་ དངུལ་ཀྲམ་ཐེར་འབུམ་༤.༩༩ བྱིན་ཡོདཔ་ཨིན་པས།
སི་ཌི་སི་ཨེལ་ལུ་ གློག་ཤུགས་ཁང་གི་ལཱ་བརྒྱ་ཆ་༢༠ བྱིན་ནིའི་ འགན་ཁུར་བཀལ་ཡོདཔ་ད་ དེ་ནང་ དངུལ་ཀྲམ་ཐེར་འབུམ་༡.༢ གནས་ནི་ཨིནམ་ད་ དེ་ཡང་ འགོ་ཐོག་གི་ གྲོས་འཆམ་དང་འཁྲིལ་ འབྲུག་པའི་ལས་སྡེ་ཚུ་ལུ་ གཙོ་རིམ་བཟུང་ནིའི་དོན་ལུ་ཨིན་པས།
དེ་བཟུམ་སྦེ་ འབྲུག་གི་རྒྱལ་ཁམས་ས་གཏེར་ལས་འཛིན་གྱིས་ རྡོ་རུག་དང་བྱེམ་ བཀྲམ་སྤེལ་གྱི་དོན་ལས་ དངུལ་ཀྲམ་ཐེར་འབུམ་༨༧༣ གནས་པའི་ ཁག་འབག་བྱིན་ཡོདཔ་ཨིན་པས།
ཁག་འབག་གི་གན་ཡིག་༤ གིས་ བསྡོམས་དངུལ་ཀྲམ་ཐེར་འབུམ་༡༦.༨ གནས་ཡོདཔ་ཨིན་པས།
དུས་ཅི་ སྤྱི་ཟླ་༡ པའི་ཚེས་༩ ལུ་ བགོ་བཤའ་འཆང་མི་དང་ བཀོད་ཚོགས་ཀྱི་འཐུས་མི་ཚུ་གིས་ ལས་འགུལ་གྱི་ས་ཁོངས་ནང་ ལྟ་སྐོར་འབད་ཡོདཔ་ད་ ཇེ་ཨེ་ཨེལ་དང་ སི་ཌི་སི་ཨེལ་གྱིས་ ཐོན་སྐྱེད་ཚུ་ བསྡུ་ལེན་འབད་དེ་ ཆུ་མཛོད་དང་ གློག་མེ་འཕྲུལ་ཁང་ དེ་ལས་ ས་དོང་བཟོ་སྐྲུན་གྱི་ལཱ་ཚུ་ འགོ་བཙུགས་ཏེ་ཡོད་ཟེར་ཨིན་པས།
དངུལ་ཀྲམ་ཐེར་འབུམ་༤.༣༤༦ གནས་པའི་ ས་དོང་བཟོ་སྐྲུན་གྱི་ ཁག་འབག་ལཱ་དེ་ སྤྱི་ལོ་༢༠༢༡ ལུ་ སྤྲོད་ཡོདཔ་ཨིན་པས།
ནུས་ཤུགས་དང་རང་བཞིན་ཐོན་སྐྱེད་ལྷན་ཁག་གི་ དྲུང་ཆེན་གྱིས་ སླབ་མིའི་ནང་ གྲ་སྒྲིག་ལཱ་ མང་ཤོས་ཅིག་ར་ མཇུག་བསྡུ་ཡོདཔ་ལས་ ཁག་འབགཔ་ཚུ་གིས་ བཟོ་སྐྲུན་ལཱ་ཚུ་ དེ་འཕྲོ་ལས་ འགོ་བཙུགས་ཚུགས་ཟེར་ཨིན་པས།
ལས་འགུལ་འདི་ དུས་ཚོད་ཁར་ མཇུག་བསྡུ་ཚུགས་ནིའི་དོན་ལུ་ བགོ་བཤའ་འཆང་མི་དང་ བཀོད་ཚོགས་ཀྱིས་ ཁག་འབགཔ་དང་ འཛིན་སྐྱོང་ལུ་ བཟོ་སྐྲུན་གྱི་ལས་རིམ་ཚུ་ མཐའ་དཔྱད་བཟོ་དགོ་པའི་ བཀོད་རྒྱ་བྱིན་ཡོདཔ་ཨིན་པས།
ད་རུང་ བཀོད་ཚོགས་ཀྱིས་ ཀེ་ཨེཆི་པི་ཨེལ་གྱི་ འཛིན་སྐྱོང་ལུ་ བཟོ་བཀོད་དང་ ལས་འགུལ་འཛིན་སྐྱོང་གྲོས་སྟོན་པ་ཚུ་ བསྐོ་བཞག་འབད་དགོ་པའི་ཁར་ གློག་མེའི་འཕྲུལ་ཆས་དང་ ཆུའི་འཕྲུལ་ཆས་ཀྱི་ ལཱ་ཚུ་གི་དོན་ལུ་ ཁག་འབག་ལཱ་ཚུ་ བྱིན་དགོཔ་སྦེ་ སླབ་ཡོདཔ་ཨིན་པས།
ལས་འགུལ་དེ་ མཇུག་བསྡུ་བའི་བསྒང་ལས་ དངུལ་ཀྲམ་ཐེར་འབུམ་༦༩ ཟད་འགྲོ་གནས་ནི་ཨིནམ་ད་ ལས་འགུལ་དེ་ སྤྱི་ལོ་༢༠༢༩ ལུ་ འགོ་བཙུགས་པའི་ཤུལ་ལས་ ལོ་བསྟར་བཞིན་དུ་ ཨེམ་ཡུ་༢,༥༢༤ ཐོན་སྐྱེད་འབད་ཚུགས་ནི་ཨིན་པས།
འཁོར་ལོ་ཆུ་ལས་འགུལ་དེ་ སྤྱི་ལོ་༢༠༤༠ འི་ནང་འཁོད་ལུ་ འབྲུག་གི་འཆར་གཞི་དང་མཐུན་ཏེ་ གློག་ཤུགས་མེ་ག་ཝཱཊ་༡༥,༠༠༠ དང་ ཉི་དྲོད་གློག་ཤུགས་མེ་ག་ཝཱཊ་༥,༠༠༠ བཟོ་སྐྲུན་འབད་ཚུགས་ནི་ཨིན་མས།
ཌི་ཇི་པི་སི་དང་ ཊི་པི་སི་གིས་ གློག་ཤུགས་མེ་ག་ཝཱཊ་༡,༡༢༥ འབད་མི་ རྡོ་རྗེ་ལུང་ཆུ་གློག་མེ་ལས་འགུལ་གྱི་ ལག་ལེན་དོན་ལུ་ འགོ་ཐོག་གྲོས་བསྟུན་འབད་ནི་ཚུ་ འགོ་བཙུགས་ཡོོད་པའི་གནས་ཚུལ།

བཙན་སྐྱོགས་དབང་འདུས།

Advertisement