༉ མེ་ག་ཝཱཊ་༦༠༠ འབད་མི་ འཁོར་ལོ་ཆུ་གློག་མེ་ལས་འགུལ་གྱི་ བཟོ་སྐྲུན་ལཱ་དེ་ སྤྱི་ཟླ་༡༡ པ་ལས་ བཟོ་སྐྲུན་འགོ་བཙུགས་ནི་ཨིནམ་ད་ དེ་ཡང་ སྤྱི་ཟླ་༡༠ པའི་ཚེས་༢༥ ལུ་ རྒྱ་གར་མུམ་བའེ་ལུ་སྦེ་ འབྲུག་སྔོ་ལྗང་གློག་མེ་ལས་འཛིན་དང་ ཊ་ཊ་གློག་མེ་ཚོང་འབྲེལ་ལས་སྡེ་༢ ཀྱི་བར་ན་ བགོ་བཤའ་འཆང་མི་ཚུ་གི་ མཐའ་དཔྱད་ཆིངས་ཡིག་གུ་ མཚན་རྟགས་བཀོད་མི་དང་བསྟུན་ཨིན་པས།
མཉམ་འབྲེལ་ཐབས་བྱུས་འདི་གི་འོག་ལུ་ འབྲུག་སྔོ་ལྗང་གློག་མེ་ལས་འཛིན་གྱིས་ བགོ་བཤའ་བརྒྱ་ཆ་༦༠ འཆང་ནི་ཨིནམ་བཞིན་དུ་ ཊ་ཊ་གློག་མེ་ཚོང་འབྲེལ་ལས་སྡེ་གིས་ བགོ་བཤའ་བརྒྱ་ཆ་༤༠ འཆང་ནི་ཨིན་པས།
ལས་འགུལ་གྱི་ སྔོན་རྩིས་གོང་ཚད་དེ་ དངུལ་འབྲེལ་གྱི་འཐུས་ཚུ་བརྩིས་ཏེ་ དངུལ་ཀྲམ་ཐེར་འབུམ་༧༠ ཨིནམ་ད་ བཟོ་སྐྲུན་གྱི་དུས་ཡུན་ཐད་ཁར་ ལོ་༥ ཨིན་པས།
འབྲུག་སྔོ་ལྗང་གློག་མེ་ལས་འཛིན་གྱི་ འཛིན་སྐྱོང་མདོ་ཆེན་ དྲགོས་ཚེ་དབང་རིག་འཛིན་གྱིས་ སླབ་མིའི་ནང་ མཉམ་འབྲེལ་ལས་འགུལ་འདི་གིས་ ཊ་ཊ་གློག་མེ་ཚོང་འབྲེལ་ལས་སྡེ་དང་གཅིག་ཁར་ གློག་ཤུགས་ཉོ་ནིའི་ གན་ཡིག་ཅིག་གུ་ཡང་ མཚན་རྟགས་བཀོད་ཡོདཔ་ད་ དེ་ཡང་ གནམ་བྱཱར་གྱི་དུས་ཚོད་ལུ་ གློག་ཤུགས་ཐེབས་ཐོན་སྐྱེད་འབདཝ་ད་ རྒྱ་གར་ལུ་ ཕྱིར་ཚོང་འཐབ་ནིའི་དོན་ལུ་ཨིན་པས།
དེ་མ་ཚད་ མཉམ་འབྲེལ་ལས་འགུལ་གྱིས་ འབྲུག་གློག་མེ་ལས་འཛིན་དང་གཅིག་ཁར་ གློག་ཤུགས་ཉོ་ནིའི་ གན་ཡིག་གུ་ མཚན་རྟགས་བཀོད་ནི་ཨིནམ་ད་ དེ་ཡང་ ནང་འཁོད་ཚོང་འབྲེལ་ནང་ གློག་ཤུགས་བཀྲམ་སྤེལ་འབད་ནིའི་དོན་ལུ་ཨིན་པས།
ཁོ་གིས་ སླབ་མིའི་ནང་ འབྲུག་གཞུང་དང་ འཁོར་ལོ་ཆུ་གློག་མེ་ལས་འགུལ་གྱི་བར་ན་ ཕབ་ཆག་གན་ཡིག་དེ་ཡང་ མཐའ་དཔྱད་བཟོ་ཚར་ཡོདཔ་ལས་ འཕྲལ་མགྱོགས་ར་ མཚན་རྟགས་བཀོད་ཚུགས་པའི་ རེ་བ་ཡོདཔ་ཨིན་པས།
དྲགོས་ཚེ་དབང་རིག་འཛིན་གྱིས་ སླབ་མིའི་ནང་ བགོ་བཤའ་འཆང་མི་ཚུ་དང་གཅིག་ཁར་ གློག་ཤུགས་ཉོ་ནི་དང་ ཕབ་ཆག་གན་ཡིག་ཚུ་ མཇུག་བསྡུ་ཡོདཔ་ལས་ མཉམ་འབྲེལ་ལས་སྡེ་གིས་ སྤྱི་ལོ་༢༠༢༤ ཟླ་༡༡ པའི་ནང་ལས་ བཟོ་སྐྲུན་གྱི་ལཱ་ཚུ་ འགོ་བཙུགས་ནིའི་ འཆར་གཞི་ཡོད་ཟེར་ཨིན་པས།
འབྲུག་སྔོ་ལྗང་གློག་མེ་ལས་འཛིན་དང་ ཊ་ཊ་གློག་མེའི་བར་ན་ ཐབས་བྱུས་མཉམ་འབྲེལ་གྱི་ ཆིངས་ཡིག་དང་འཁྲིལ་ཏེ་ ཞི་བའི་ལཱ་ཚུ་གི་དོན་ལས་ ཁག་འབགཔ་ཚུ་ལུ་ བཟོ་སྐྲུན་འགོ་བཙུགས་ནིའི་དོན་ལས་ ལས་འགུལ་གྱི་ས་ཁོངས་ནང་ གྲ་སྒྲིག་འབད་དགོཔ་སྦེ་ སླབ་ཡོདཔ་ཨིན་པས།
ཇའེ་པར་ཀཱཤ་ལས་སྡེ་དེ་ ཆུ་མཛོད་དང་ གློག་མེ་ལས་འགུལ་གྱི་ ལཱ་ཚུ་གི་དོན་ལས་ ཁག་འབགཔ་ངོ་མ་སྦེ་ བསྐོ་བཞག་འབད་ཡོདཔ་ད་ བ་ལི་ཆ་-རིག་གསར་ཇེ་བི་དང་ བཟོ་སྐྲུན་གོང་འཕེལ་ལས་འཛིན་ཚད་ཀྱིས་ མགུ་གི་ས་དོང་བཟོ་སྐྲུན་གྱི་ལཱ་ཚུ་ འབད་ནི་ཨིན་པས།
འབྲུག་གི་ གློག་ཤུགས་ཀྱི་ དམིགས་གཏད་ཡར་དྲག་གཏང་ནིའི་དོན་ལུ་ འབྲུག་སྔོ་ལྗང་གློག་མེ་ལས་འཛིན་གྱིས་ སྤྱི་ལོ་༢༠༢༤ ཟླ་༡༠ པའི་ཚེས་༢༤ ལུ་ ཇི་ཨེམ་ཨར་ནུས་ཤུགས་ལས་སྡེ་དང་གཅིག་ཁར་ གློག་ཤུགས་མེ་ག་ཝཱཊ་༡༥,༠༠༠ དང་ སྤྱི་ལོ་༢༠༤༠ འི་ནང་འཁོད་ལུ་ ཉི་དྲོད་གློག་ཤུགས་མེ་ག་ཝཱཊ་༥,༠༠༠ འབད་མི་ དམིགས་གཏད་འགྲུབ་ཐབས་ལུ་ ཐབས་བྱུས་མཉམ་འབྲེལ་གྱི་ ཆིངས་ཡིག་གུ་ མཚན་རྟགས་བཀོད་ཡོད་པའི་གནས་ཚུལ།

བཙན་སྐྱོགས་དབང་འདུས།

Advertisement