༉ སྤྱི་ཟླ་༧ པའི་ཚེས་༡༨ ལུ་ འཆར་གཞི་༡༣ པ་ འགོ་འབྱེད་འབད་བའི་སྐབས་ བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱིས་ ལྟ་རྟོག་དང་ དབྱེ་ཞིབ་ལམ་ལུགས་ཚུ་ སྒྲིང་སྒྲི་བཟོ་དགོཔ་དེ་ གལ་ཅན་ཨིན་པའི་སྐོར་ལས་ བཤད་ཡོདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ འཆར་གཞི་༡༣ པའི་ དམིགས་ཡུལ་འགྲུབ་ནི་ལུ་ དྲན་བཏོན་འགན་གནས་དེ་ དགོས་མཁོ་ཅན་ཅིག་ཨིན་ཟེར་ཨིནམ་ད་ འབྲེལ་ཡོད་ལས་སྡེ་ཚུ་གིས་ རང་སོའི་ལོ་བསྟར་ལས་སྣ་ཚུ་ ལྟ་རྟོག་དང་ ལག་ལེན་འཐབ་ནིའི་ འགན་ཁུར་ཨིན་རུང་ བློན་ཆེན་གྱིས་ ངོ་རྐྱང་ཐོག་ལས་ ཟླ་རིམ་བཞིན་དུ་ ལཱ་གི་གྲུབ་འབྲས་ཚུ་ བསྐྱར་ཞིབ་འབད་ནི་ཨིན་མི་དེ་ཡང་ འཆར་གཞི་༡༣ པའི་ ལོ་ངོ་དང་པའི་ གནས་སྟངས་བཞག་ནིའི་དོན་ལུ་ཨིན་པས།
བསྐྱར་ཞིབ་སྙན་ཞུ་ཚུ་ཡང་ མི་དབང་མཆོག་ལུ་ ཟླཝ་༣ རེའི་བར་ན་ ཚར་རེ་ཕུལ་ནི་ཨིན་པས།
བློན་ཆེན་གྱིས་ འཆར་གཞི་༡༣ པ་དེ་ གལ་ཅན་ཅིག་ཨིན་མི་དེ་ཡང་ འབྲུག་འདི་ ལམ་རྒྱ་གྲམ་ལུ་ ལྷོད་མི་ལུ་བརྟེན་ཨིན་ཟེར་ཨིནམ་ད་ འཆར་གཞི་ཚུ་ འཆར་གཞི་༡༢ པ་དང་ཕྱདཔ་ད་ གཉིས་ལྟབ་ཡོདཔ་ད་ དེ་གི་ དམིགས་ཡུལ་གཙོ་བོ་ར་ དཔལ་འབྱོར་ཡར་དྲག་གཏང་ནི་ཨིནམ་ད་ གདམ་ཁ་ལེགས་ཤོམ་འབད་དགོཔ་བཞིན་དུ་ དེ་གིས་ རྒྱལ་ཁབ་དང་ མི་སེར་ཚུ་ ཕྱུགཔོ་བཟོ་འོང་ཟེར་ཨིན་པས།
དཔལ་འབྱོར་གོང་འཕེལ་གྲུབ་ཐབས་ལུ་ གཞི་རྟེན་གོང་འཕེལ་དང་ ཌི་ཇི་ཊཱལ་བཟོ་ནིའི་ གློག་མེ་གི་མཐུན་རྐྱེན་ཚུ་ འཐོབ་ཚུགས་བཟོ་ནི་དང་ སོ་ནམ་མདུན་སྐྱོད་འབད་ནི་དེ་ གལ་གནད་ཅན་ཅིག་ཨིན་ཟེར་ བློན་ཆེན་གྱིས་ བཤདཔ་ཨིན་པས།
བློན་ཆེན་གྱིས་ སོ་ནམ་པ་ཚུ་གིས་ རང་སོའི་ གཞི་རྟེན་དགོས་མཁོ་གྲུབ་མ་ཚུགས་པའི་ གདོང་ལེན་དང་ འོང་འབབ་བཟོ་ཐབས་ལུ་ རང་གི་བཟའ་སྤྱོད་ལས་ ཚོང་འབྲེལ་གྱི་དོན་ལུ་ སོ་ནམ་ལཱ་འབད་ནིའི་སྐོར་ལས་ཡང་ བཤད་ཡོདཔ་ཨིན་པས།
བློན་ཆེན་གྱིས་ བཤད་མིའི་ནང་ ཚོང་འབྲེལ་སྒྲིག་གཞི་འཇམ་ཏོང་ཏོ་བཟོ་ནི་དང་ བཟོ་གྲྭ་ལས་སྡེ་ལུ་རྒྱབ་སྐྱོར་ སེམས་ཤུགས་མ་རྩ་གཞི་བཙུགས་ དེ་ལས་ ལྟ་བཤལ་ཡར་དྲག་གཏང་སྟེ་ སྒེར་སྡེ་ཚུ་ལུ་ རྒྱབ་སྐྱོར་འབད་འོང་ཟེར་ཨིན་པས།
དེ་བཟུམ་སྦེ་ མི་སྡེ་གོང་འཕེལ་འདྲ་མཉམ་གཏང་ནི་དེ་ གལ་ཅན་ཨིནམ་བཞིན་དུ་ ན་གཞོན་ཚུ་ དུས་རབས་༢༡ པའི་ ཤེས་ཡོན་འཐོབ་ནིའི་དོན་ལུ་ རྒྱལ་ཁབ་ནང་ ཤེས་རིག་སྤུས་ཚད་དང་འབྲེལ་བའི་ གནད་དོན་ཚུ་ སེལ་ཐབས་འབད་དགོ་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ སྤུས་ཚད་དང་ མཁས་མཆོག་ཚུ་བརྩིས་ཏེ་ རྒྱལ་ཁབ་ཀྱི་ གསོ་བའི་ཞབས་ཏོག་ཚུ་ ཡར་དྲག་གཏང་ནི་ཨིནམ་བཞིན་དུ་ འཆར་གཞི་༡༣ པ་ འགྲུབ་ཚུགས་ནི་ལུ་ བློ་སྟོབས་ཚུ་གི་སྐོར་ལས་ཡང་ བཤདཔ་ཨིན་པས།
དེ་ཡང་ ལྷན་ཁག་དང་ སྒེར་སྡེ་ འབྲུག་མི་སེར་རྒྱུ་ནོར་གཞི་བཟུང་ལ་སོགས་པ་ཚུ་ གྲོས་བསྟུན་རྒྱས་པར་འབད་མི་ལུ་བརྟེན་ཨིནམ་ད་ བློན་ཆེན་གྱིས་ འབྲེལ་ཡོད་རྫོང་ཁག་ཚུ་ནང་ དཔལ་འབྱོར་གོང་འཕེལ་དང་ སོ་ནམ་ ལྟ་བཤལ་ གཞི་རྟེན་ དེ་ལས་ ཤེས་རིག་གི་ སྤུས་ཚད་ཡར་དྲག་གཏང་ནིའི་སྐོར་ལས་ རྫོང་བདག་ཚུ་དང་ གྲོས་བསྟུན་འབད་ནི་ ལས་རིམ་ཡོདཔ་ཨིན་པས།
འཆར་གཞི་༡༣ པའི་ནང་ རྒྱ་གར་གཞུང་གིས་ མ་དངུལ་ དངུལ་ཀྲམ་ཐེར་འབུམ་༨༥ རྒྱབ་སྐྱོར་དང་ དཔལ་འབྱོར་ལྷན་ཐབས་མ་དངུལ་འོག་ལུ་ དངུལ་ཀྲམ་ཐེར་འབུམ་༡༥ གནང་མི་ལུ་ བཀྲིན་དགའ་ཚོར་ཡོད་ལུགས་ཚུ་ བཤད་ཡོདཔ་ཨིན་པས།
རྒྱ་གར་གཞུང་གིས་ འཆར་གཞི་༡༢ པའི་ནང་ དངུལ་ཀྲམ་ཐེར་འབུམ་༤༥ རྒྱབ་སྐྱོར་འབད་ཡོདཔ་ཨིན་པས།
འཆར་གཞི་༡༣ པའི་ དམིགས་ཡུལ་དེ་ སྤྱི་ལོ་༢༠༣༤ འི་ནང་འཁོད་ལུ་ འབྲུག་འདི་ འོང་འབབ་ཆེ་བའི་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ རྒྱལ་ཁབ་ཅིག་སྦེ་ བཟོ་ནི་དེ་ཨིནམ་ད་ དེ་ཡང་ སྤྱི་ལོ་༢༠༢༩ གི་ནང་འཁོད་ལུ་ ནང་འཁོད་ཐོན་སྐྱེད་ཡོངས་འབོར་ ཡུ་ཨེསི་ཌོ་ལར་ཐེར་འབུམ་༥ དང་ སྤྱི་ལོ་༢༠༣༤ གི་ནང་འཁོད་ལུ་ ནང་འཁོད་ཐོན་སྐྱེད་ཡོངས་འབོར་ ཡུ་ཨེསི་ཌོ་ལར་ཐེར་འབུམ་༡༠ བཟོ་ནི་ཨིན་པས།
དེ་བཟུམ་སྦེ་ སྤྱི་ལོ་༢༠༢༩ གི་ནང་འཁོད་ལུ་ མི་ངོམ་རེ་གི་ འོང་འབབ་ཡང་ ཡུ་ཨེསི་ཌོ་ལར་༦,༡༧༤ བཟོ་ནི་ཨིན་པས།
འཆར་གཞི་༡༣ པའི་ འཆར་དངུལ་ཡོངས་བསྡོམས་ དངུལ་ཀྲམ་ཐེར་འབུམ་༥༡༢.༢༨ བགོ་བཀྲམ་འབད་མི་དེ་ འཆར་གཞི་༡༢ པ་དང་ཕྱདཔ་ད་ བརྒྱ་ཆ་༦༣ དེ་ཅིག་ ཡར་སེང་འབད་ཡོདཔ་ཨིན་པས།
རྒྱལ་སྤྱི་མཉམ་འབྲེལ་བ་ཚུ་གི་རྒྱབ་སྐྱོར།
འགོ་འབྱེད་ལས་རིམ་སྐབས་ རྒྱ་གར་གྱི་གཞུང་ཚབ་ སུ་དཱ་ཀར་ ཌ་ལི་ལ་གིས་ འཆར་གཞི་༡༣ པའི་ ཡིག་ཆ་ཚུ་ནང་ འབྲུག་གི་གོང་འཕེལ་ལས་སྣ་ཚུ་ནང་ གཞུང་སྐྱོང་དང་ གསོ་བ་ ཤེས་རིག་ རིག་རྩལ་གོང་འཕེལ་ ཌི་ཇི་ཊཱལ་ ནུས་ཤུགས་ དཔལ་འབྱོར་ གཞི་རྟེན་མཐུན་རྐྱེན་ དེ་ལས་ སྒེར་སྡེ་ཚུ་ ཚུད་དེ་འདུག་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ འབྲུག་དང་ རྒྱ་གར་༢ ཀྱི་བར་ན་ གཞན་དང་མ་འདྲ་བའི་ མཛའ་བཤེས་མཐུན་ལམ་ཡོདཔ་ལས་ ང་བཅས་རའི་ མཐུན་མོང་མ་ཡིན་པའི་མཉམ་འབྲེལ་ནང་ ལས་སྡེ་ཁག་མ་འདྲཝ་ ཤེས་རིག་ལས་དཔལ་འབྱོར་དང་ གསོ་བ་ གློག་མེ་ རྩེད་རིགས་ལས་གནམ་སྟོང་ དེ་ལས་ ཌ་ཊ་ལས་ འཕྲུལ་རིག་ཚུ་ཡོད་ཟེར་ཨིན་པས།
མིག་དཔེ་མཉམ་འབྲེལ་ནང་ མི་གི་བར་ན་ མཐུན་འབྲེལ་སྒྲིང་སྒྲི་དང་ ན་གཞོན་མཐུན་འབྲེལ་ དེ་ལས་ ལམ་སྲོལ་ཚུ་ གཙོ་རིམ་ཅན་ཅིག་ཨིན་ཟེར་ཨིན་པས།
གཞུང་ཚབ་ཀྱིས་ སླབ་མིའི་ནང་ རྒྱ་གར་གྱིས་ འཕྲོ་མཐུད་དེ་ར་ རྒྱབ་སྐྱོར་འབད་ནི་དང་ འབྲུག་གི་དོན་ལུ་ རྒྱུན་གཏན་གོང་འཕེལ་གྱི་ མཉམ་འབྲེལ་བ་ཅིག་སྦེ་ སྡོད་འོང་ཟེར་ཨིན་པས།
ཇའི་ཀ་གི་ གནས་བཞུགས་སྐུ་ཚབ་ ཏོ་མི་ཡུ་ཀི་ ཡ་མ་ད་གིས་ སླབ་མིའི་ནང་ རྒྱལ་ཁབ་ཀྱི་གོང་འཕེལ་མཉམ་སྲིད་བྱུས་བསྐྱར་ཞིབ་འབད་མི་གིས་ གསོ་བ་དང་ བཟོ་གྲྭ་གོང་འཕེལ་ ད་རེས་ སོ་ནམ་དང་གཞི་རྟེན་ལུ་ རྒྱབ་སྐྱོར་འབད་མི་ཚུ་ འཕྲོ་མཐུད་དེ་ར་ གཙོ་རིམ་བཟུང་འོང་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ སོ་ནམ་དང་ གསོ་བ་དང་ གསོ་བའི་གཅེས་སྐྱོང་ཚུ་ལུ་ མཉམ་འབྲེལ་ལས་རིམ་ གོང་འཕེལ་གཏང་ནི་ཨིནམ་ད་ བཟོ་གྲྭ་གོང་འཕེལ་དང་ གཞུང་སྐྱོང་ རང་བཞིན་གནས་སྟངས་ དེ་ལས་ རྐྱེན་ངན་བཀག་ཐབས་ཚུ་ལུ་ཡང་ གཙོ་རིམ་བཟུང་འོང་ཟེར་ཨིན་པས།
ཏོ་མི་ཡུ་ཀི་ ཡ་མ་ད་གིས་ དུས་ཅི་ མི་དང་སེམས་ཅན་བར་ནའི་ བྲེལ་ཟིང་གི་གནད་ལུ་ སོ་ནམ་དང་སྒོ་ནོར་ལྷན་ཁག་དང་ མཉམ་འབྲེལ་འབད་ནི་ཨིནམ་ད་ ལས་འགུལ་དེ་གིས་ ཇ་པཱན་གྱི་ ལོ་ཐོག་གནོད་སྐྱོན་ཡོད་མི་ ཉམས་མྱོང་ཚུ་ གཞི་བཙུགས་འབད་ནི་ཨིནམ་བཞིན་དུ་ ཐོན་སྐྱེད་ཡར་དྲག་དང་ གྲོང་གསེབ་ཚུ་ནང་ འོང་འབབ་ལུ་ ལྷན་ཐབས་འབྱུང་ཚུགས་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ཇོ་མོ་རི་དང་ འབྲུག་བི་དུ་གློག་མེ་ལས་འགུལ་གྱི་དོན་ལུ་ འབྲུག་སླར་འབྱུང་གློག་མེ་ལས་འཛིན་དང་ འབྲུག་གློག་མེ་ལས་འཛིན་དང་ གྲོས་བསྟུན་འབད་བའི་བསྒང་ཡོདཔ་ད་ ཇའི་ཀ་ཡིག་ཚང་གིས་ སོ་ནམ་ཚུ་ལུ་ མ་དངུལ་འབྲེལ་བའི་ རྒྱབ་སྐྱོར་ཚུ་ཡང་ འབད་འོང་ཟེར་ཨིན་པས།
ཇའི་ཀ་ཡིག་ཚང་གིས་ ཆུ་རུད་བཀག་ཐབས་ཐབས་ལམ་དང་ ཤར་ཕྱོགས་རྫོང་ཁག་ཚུ་ནང་ གསོ་བའི་ཅ་ཆས་ཚུ་གི་ རྒྱབ་སྐྱོར་འབད་ནི་ ལས་རིམ་ཡོདཔ་ད་ ཇའི་ཀ་གིས་ གསོ་བ་ལྷན་ཁག་དང་འབྲུག་གཞུང་འཕྲུལ་རིག་དང་ མཉམ་འབྲེལ་ཐོག་ལས་ ཌི་ཇི་ཊཱལ་དངུལ་ཁང་དང་ གསོ་བའི་དངུལ་ཁང་ སྨན་བཅོས་དངུལ་ཁང་ བཱའོ་དངུལ་ཁང་ དེ་ལས་ ཁྱིམ་གུང་དངུལ་ཁང་ཚུ་ལས་ རྒྱབ་སྐྱོར་ཚུ་ བལྟ་བའི་བསྒང་ཡོད་ཟེར་ཨིན་པས།
འབྲུག་ལུ་ རྒྱལ་སྤྱི་འཛམ་གླིང་སྤྱི་ཚོགས་ཀྱི་ གནས་བཞུགས་སྐུ་ཚབ་ འཛམ་གླིང་ཟ་སྤྱོད་ལས་རིམ་གྱི་མདོ་ཆེན་ ཀེ་རི་ མོ་རི་སཱོན་གྱིས་ སླབ་མིའི་ནང་ འཛམ་གླིང་སྤྱི་ཚོགས་ཀྱིས་ མཉམ་འབྲེལ་གཞི་བཀོད་ནང་ གཙོ་རིམ་བཟུང་ཐོག་ལས་ རྒྱབ་སྐྱོར་འབད་ནི་ཨིནམ་ད་ དེ་ཡང་ ཡུན་བརྟན་དཔལ་འབྱོར་གོང་འཕེལ་དང་ སྣ་མང་ལ་སོགས་པ་ཚུ་ལུ་ གཙོ་རིམ་བཟུང་ནི་ཨིན་པས།
མཉམ་འབྲེལ་གཞི་གནད་ཀྱི་ གཙོ་རིམ་ཚུ་གི་འོག་ལུ་ འབྲུག་ལུ་ཡོད་པའི་ འཛམ་གླིང་སྤྱི་ཚོགས་ཀྱིས་ འཆར་གཞི་༡༣ པའི་ རྒྱབ་སྐྱོར་དོན་ལུ་ ཡུ་ཨེསི་ཌོ་ལར་ས་ཡ་༢༠༠ བྱིན་ནི་ཨིན་པས།
རྒྱལ་ཁབ་ཀྱི་ ཡེ་ཤི་ཡཱན་གོང་འཕེལ་དངུལ་ཁང་གི་མདོ་ཆེན་ ཤ་མིཊ་ ཅག་ཀ་ར་བར་ཏི་གིས་ སླབ་མིའི་ནང་ དངུལ་ཁང་ནང་ ཕབ་ཆག་ཀྱི་རྒྱབ་སྐྱོར་ ཡུ་ཨེསི་ཌོ་ལར་ས་ཡ་༣༥༠ ཡོདཔ་ད་ དེ་ཡང་ མ་འོངས་ལོ་༤ གི་རིང་ གློག་མེ་ལས་འགུལ་གྱི་ མ་རྩ་མཐུན་རྐྱེན་ ཡུ་ཨེསི་ཌོ་ལ་ས་ཡ་༣༨༠ ལས་ ཡུ་ཨེསི་ཌོ་ལ་ས་ཡ་༤༠༠ མ་བརྩིས་བར་ཨིན་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ གནམ་དགུན་ལུ་ གློག་མེའི་རྩིས་ཆད་ མར་ཕབ་དོན་ལུ་ དངུལ་ཁང་གིས་ ད་རེས་ ཟླཝ་༢ ཆུ་བསགས་བཞག་ནི་གི་ དར་དཀར་ཆུ་ཆུ་མཛོད་གློག་མེ་ལས་འགུལ་གུ་ མཚན་རྟགས་བཀོད་ནི་གི་ ལཱ་འབད་བའི་བསྒང་ཡོད་ཟེར་ཨིན་པས།
འཆར་གཞི་༡༣ པའི་ ཡེ་ཤེ་ཡཱན་གོང་འཕེལ་དངུལ་ཁང་གིས་ དཔལ་འབྱོར་གཞི་སྒྱུར་ལས་རིམ་དང་ རིག་རྩལ་ལས་རིམ་ དེ་ལས་ སྐྱེ་ལྡན་གནས་སྟངས་སྣ་མང་དང་ གདོང་ལེན་ལས་རིམ་ནང་ གཙོ་རིམ་བཟུང་འོང་ཟེར་ཨིན་པས།
ཤ་མིཊ་ ཅག་ཀ་ར་བར་ཏི་གིས་ སླབ་མིའི་ནང་ གསོ་བའི་ནད་བརྟག་དང་ ཉི་དྲོད་གློག་མེའི་ནང་ མི་མང་དང་ སྒེར་སྡེའི་མཉམ་འབྲེལ་ཅིག་སྦེ་ ལཱ་འབད་འོང་ཟེར་ ཨིན་པའི་གནས་ཚུལ།
ཨོ་རྒྱན་རྡོ་རྗེ།