༉ འབྲུག་པའི་གློག་བརྙན་བཟོ་གྲྭ་དང་འཁྲིལ་བ་ཅིན་ བཟོ་སྐྲུན་དང་ ལས་སྡེའི་འཐུས་མི་གི་ གྱངས་ཁ་མར་ཕབ་འགྱོ་བའི་ཁར་ མི་ཚུ་ ས་གནས་གཞན་ཁར་སོང་ཡོདཔ་བཞིན་དུ་ འཁྲབ་རྩེདཔ་བརྩིས་ཏེ་ ཀོ་བིཌ་༡༩- གིས་ འབྱེམ་ཕོག་མི་དེ་ ལོག་ཡར་དྲག་གཏང་མ་ཚུགས་པར་ ལུས་ཡོདཔ་ཨིན་པས།
ཀོ་བིཌ་-༡༩ མ་འཐོན་པའི་ཧེ་མར་ ཚོགས་པའི་འཐུས་མི་༡,༠༠༠ ཡོད་མི་དེ་ ད་རེས་༡༠༠ ལུ་ཕར་བབས་འགྱོཝ་ད་ འབྲུག་གློག་བརྙན་ཚོགས་པའི་འཐུས་མི་དེ་ རྒྱ་ཆེ་དྲགས་སྦེ་ར་ མར་བབས་སོང་ཡོད་པའི་ཁར་ གློག་མེ་བཟོ་སྐྲུན་འབད་མི་༢༠༠ ལས་ ད་རེས་ གློག་བརྙན་བཟོ་སྐྲུན་ལས་སྡེ་༧༠ ལུ་ མར་བབས་སོང་ཡོདཔ་ཨིན་པས།
དེ་མ་ཚད་ ནད་ཡམས་མ་འཐོན་པའི་ཧེ་མར་ ལོ་བསྟར་གློག་བརྙན་༢༥-༣༠ དེ་ཅིག་ ཐོན་སྐྱེན་འབད་ཡོད་རུང་ ད་རེས་ གློག་བརྙན་༦ ལས་བརྒལ་ ཐོན་སྐྱེད་འབད་མི་ཚུགས་དོ་ཡོདཔ་ཨིན་པས།
འབྲུག་གློག་བརྙན་ཚོགས་པ་གིས་ ཚོགས་པའི་འཐུས་མི་ མང་ཤོས་ཅིག་ ཕྱི་རྒྱལ་ལུ་སོང་ཡོདཔ་ད་ ཚོགས་པའི་འགོ་དཔོན་ཅིག་དང་འཁྲིལ་བ་ཅིན་ གློག་བརྙན་བཟོ་མི་ལེ་ཤ་ཅིག་ར་ གནས་སྟངས་སྐྱོ་དྲགས་ཅིག་ལུ་ ཐལ་ཏེ་ཡོདཔ་བཞིན་དུ་ གཞུང་གིས་ རྒྱབ་སྐྱོར་འབད་ནི་ མཇུག་བསྡུ་བའི་ཤུལ་ལས་ ཁྱད་རིག་ལྡན་པའི་ མི་ངོམ་ཚུ་ དགོངས་ཞུ་འབད་ཡར་སོང་ཡི་ཟེར་ཨིན་པས།
གློག་བརྙན་ལས་སྡེ་གིས་ འབྲུག་པའི་ལམ་སྲོལ་གོང་འཕེལ་དང་ ལཱ་གཡོག་གི་ གོ་སྐབས་ཡོད་མི་ལུ་ ངོས་ལེན་འབད་དེ་ རྒྱལ་ཡོངས་ཚོགས་འདུའི་ དྲི་བཀོད་ལས་རིམ་སྐབས་ གསེར་གྱི་ཐང་- རྩི་རང་སྟོད་ཀྱི་འཐུས་མི་ ལྷག་པ་ཚེ་རིང་ཏ་མང་གིས ནང་སྲིད་དང་སྲོལ་འཛིན་བློན་པོ་ ཚེ་རིང་ལུ་ གཞུང་གི་ཁ་ཐུག་ལས་ ལས་སྡེ་ལུ་ རྒྱབ་སྐྱོར་འབད་ནི་གི་ འཆར་གཞི་དང་ ཐབས་ལམ་ཚུ་ ག་ཅི་ར་ཡོད་ག་ཟེར་ དྲི་དཔྱད་འབད་ཡི།
ནང་སྲིད་བློན་པོ་ ཚེ་རིང་གིས་ ཞུ་མིའི་ནང་ འཆར་གཞི་༡༣ པའི་ནང་ གཞུང་གིས་ ལས་སྣ་མ་འདྲཝ་ཚུ་ ལག་ལེན་འཐབ་ནི་ཨིནམ་ད་ རྒྱལ་ཁབ་ནང་ སྟབས་མ་བདེཝ་གཅིགཔོ་དེ་ གློག་བརྙན་སྟོན་ས་ ཚད་གཅིག་ལས་བརྒལ་ མེད་མི་དེ་ཨིན་མས་ཟེར་ཨིན་པས།
འཆར་གཞི་༡༣ པའི་ནང་ གློག་བརྙན་སྟོན་ས་༢ དེ་ཅིག་ རྐྱབ་ནིའི་ལས་རིམ་ཡོདཔ་ད་ གློག་བརྙན་བཟོ་མི་ཚུ་གི་ མཐུན་རྐྱེན་དགོས་མཁོ་བསྒྲུབ་ནི་ལུ་ གློག་བརྙན་སི་ཊི་དང་ ཨིསི་ཊི་ཌིའོ་རྐྱབ་ནི་གི་ ལས་རིམ་ཡོད་ཟེར་ བློན་པོ་གིས་ཞུ་ཡི།
ཁོ་གིས་འབད་བ་ཅིན་ གཞུང་གིས་ གློག་བརྙན་དུས་སྟོན་དང་ ཞལ་འཛོམས་ དེ་ལས་ རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ནང་ བཅའ་མར་གཏོགས་ནིའི་དོན་ལུ་ རྒྱབ་སྐྱོར་ཚུ་ འབད་འོང་ཟེར་ཨིན་པས།
གཞུང་གིས་ ལོ་བསྟར་གློག་བརྙན་༦ ལུ་ དངུལ་འབྲེལ་དང་འབྲེལ་བའི་ རྒྱབ་སྐྱོར་འབད་ནི་དང་ གློག་བརྙན་བཟོ་མི་ཚུ་ རང་སོའི་གློག་བརྙན་ཚུ་ རྫོང་ཁག་དང་ དྲུང་ཁག་ དེ་ལས་ རྒེད་འོག་ཚུ་ནང་ འགྱོ་བའི་སྐབས་ རྒྱབ་སྐྱོར་འབད་ནིའི་དོན་ལས་ ལམ་སྟོན་ཅིག་ཡང་ བཟོ་སྟེ་ཡོད་ཟེར་ བློན་པོ་གིས་ཞུ་ཡི།
འཁྲབ་རྩེདཔ་འཇིགས་མེད་དབང་ཕྱུག་གིས་ སླབ་མིའི་ནང་ ཐིམ་ཕུག་ལས་བརྒལ་ཏེ་ འགྱོ་བའི་སྐབས་ གློག་བརྙན་སྟོན་ས་དང་ འཆར་དངུལ་ དེ་ལས་ རང་སོའི་རིག་རྩལ་ཚུ་ གོང་འཕེལ་གཏང་ནིའི་དོན་ལུ་ ལས་རིམ་མེདཔ་ལས་ དཀའ་ངལ་དང་ གདོང་ལེན་སྦོམ་སྦེ་ར་ བྱུངམ་མས་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ སྲུང་དང་ ས་གནས་དང་འཁྲིལ་ཏེ་ གློག་བརྙན་བཟོ་བའི་སྐབས་ ཟད་འགྲོ་དངུལ་ཀྲམ་ས་ཡ་༡.༥ དང་ དངུལ་ཀྲམ་ས་ཡ་༨ དེ་ཅིག་ གནསཔ་མས་ཟེར་ཨིན་པས།
འབྲུག་གློག་བརྙན་ཚོགས་པའི་གཙོ་འཛིན་འོགམ་ ཡེ་ཤེས་ཚེ་རིང་གིས་ སླབ་མིའི་ནང་ གློག་བརྙན་བཟོ་གྲྭ་ནང་ ཁྱད་རིག་ཅན་ཚུ་གིས་ དགོངས་ཞུ་འབད་འགྱོ་མི་ལུ་ ཚ་གྱང་ཡོད་ལུགས་ཚུ་ བཤད་ཡོདཔ་ཨིན་པས།
ཚོགས་པའི་འཐུས་མི་ མར་བབས་འགྱོ་བའི་ཐད་ཁར་ ཡེ་ཤེས་ཚེ་རིང་གིས་ སླབ་མིའི་ནང་ མི་ཚུ་གིས་ ཚོགས་པའི་འཐུས་མ་ འབད་དགོ་མ་མནོ་བར་མེན་པར་ དངུལ་འབྲེལ་དང་འབྲེལ་བའི་ དཀའ་ངལ་སྣ་ཚོགས་ཡོདཔ་ལས་ ཐབས་ར་མེད་པར་ ཕྱིར་བཏོན་འབད་དགོཔ་ བྱུངམ་མས་ཟེར་ཨིན་པས།
འདས་པའི་གཞུང་གིས་ གློག་བརྙན་བཟོ་མི་ཚུ་ལུ་ ལོ་༡༠ གྱི་ ཁྲལ་ཕབ་ཆག་འབད་ཡོདཔ་ད་ ད་ལྟོའི་ གཞུང་གིས་འབད་རུང་ གློག་བརྙན་ཚོགས་པ་ལུ་ མ་དངུལ་དང་ མཐུན་རྐྱེན་གྱི་ རྒྱབ་སྐྱོར་བྱིན་ནི་གི་ ཁས་ལེན་འབད་དེ་ཡོད་ཟེར་ ཡེ་ཤེས་ཚེ་རིང་གིས་ བཤདཔ་ཨིན་པས།
འབྲུག་གློག་བརྙན་ཚོགས་པ་གིས་ གཞུང་དང་ རྒྱལ་གཞུང་དངུལ་ལས་དབང་འཛིན་ དེ་ལས་ དངུལ་འབྲེལ་གཙུག་སྡེ་ཚུ་ལུ་ སྐྱིན་ཚབ་བཏབ་ནི་དེ་ ཟླཝ་༦ ལས་ ལོ་༡ གི་རིང་ ཕར་འགྱངས་འབད་དགོ་པའི་ ཞུ་བ་འབད་དེ་ ཡོདཔ་ཨིན་པས།
ཡེ་ཤེས་ཚེ་རིང་གིས་ སླབ་མིའི་ནང་ སྐྱིན་འགྲུལ་ཕར་འགྱངས་འབད་གནང་པ་ཅིན་ གློག་བརྙན་བཟོ་ནི་ལུ་ གཙོ་རིམ་བཟུང་ཚུགས་ནི་དང་ སྐྱིན་ཚབ་བཏབ་མ་ཚུགས་མི་ལུ་བརྟེན་ ལཱ་གི་སྤུས་ཚད་དང་ ཐབས་རང་མེད་པར་ ཕྱི་རྒྱལ་ལུ་ འགྱོ་དགོ་པས་ཟེར་ ཨིན་པའི་གནས་ཚུལ།
ཨོ་རྒྱན་རྡོ་རྗེ།