༉ རྒྱལ་ཡོངས་ཚོགས་སྡེའི་ དྲི་བཀོད་ལས་རིམ་སྐབས་ འཐུས་མི་ཚུ་གིས་ ཤེས་རིག་དང་རིག་རྩལ་གོང་འཕེལ་བློན་པོ་ལུ་ གསོ་བ་དང་ ལུས་སྦྱོང་ཤེས་ཡོན་ ལས་རིམ་གྱི་ གནས་སྟངས་སྐོར་ལས་ དྲི་བཀོད་འབད་ཡི།
འཐུས་མི་ཚུ་གིས་ སློབ་གྲྭ་ཚུ་ནང་ གསོ་བ་དང་ ལུས་སྦྱོང་ཤེས་ཡོན་ རྩེད་རིགས་ཀྱི་ སྤུས་ཚད་ཚུ་ ཉམས་འགྱོ་བའི་ ཚ་གྱང་ཡོད་ལུགས་ཚུ་ བཤད་ཡོདཔ་བཞིན་དུ་ ལས་རིམ་དེ་ སློབ་ཕྲུག་ཚུ་གི་ ཞི་བདེ་ལུ་ ཕན་ཐོགས་ཅན་ཅིག་ཨིན་ཟེར་ ཞུ་ཡི།
སློབ་གྲྭ་ཚུ་ནང་ ལས་རིམ་གྱི་ སྤུས་ཚད་མར་བབས་སོང་མི་དེ་ཡང་ རྩེད་རིགས་ཀྱི་ སློབ་སྟོན་པ་དང་ འཆར་དངུལ་ རྩེད་རིགས་ཀྱི༌ ཅ་ཆས་ལངམ་སྦེ་ མེད་པའི་དཀའ་ངལ་ དེ་ལས་ སློབ་གྲྭའི་རྩ་གཞུང་ནང་ ལས་སྣ་དེ་ཚུ་ གལ་ཅན་ཅིག་སྦེ་ བརྩི་འཇོག་མ་འབད་བར་འདུག་ཟེར་ འཐུས་མི་ཚུ་གིས་ ཞུ་ཡི།
དར་དཀར་ནང་གི་འཐུས་མི་ བི་རན་ཌ་ ཅི་མོ་རི་ཡ་གིས་ ཁེ་ཕན་ངོས་འཛིན་འབད་ཡོད་རུང་ སློབ་གྲྭ་ཚུ་ནང་ རྩེད་རིགས་ཀྱི་ ལམ་སྲོལ་དེ་ མར་ཉམས་སོང་སྟེ་ཡོདཔ་ད་ རྩེད་རིགས་སྡེ་ཚན་བལྟ་མི་ ལས་ཁུངས་དེ་ འཕྲལ་འཕྲལ་ར་ སོར་བཏང་མི་གིས་ཡང་ རྩེད་རིགས་ཀྱི་ ལས་རིམ་དང་ གྲུབ་འབྲས་ལུ་ ཐོ་ཕོག་ནུག་ཟེར་ ཞུ་ཡི།
ན་གཞོན་ཚུ་ནང་ ཁྲིམས་འགལ་དང་ སྨྱོ་རྫས་གནད་དོན་ ཡར་སེང་འགྱོ་བའི་ནམ་དུས་ལུ་ རྩེད་རིགས་མཐུན་རྐྱེན་ཚུ་གིས་ ན་གཞོན་ཚུ་ འབྲེལ་འཛིན་སྦེ་ བཞག་ནི་ལུ་ ལྷན་ཐབས་འབྱུང་ཚུགས་ཟེར་ བི་རན་ཌ་ ཅི་མོ་རི་ཡ་གིས་ ཞུ་ཡི།
ཁོ་གིས་འབད་བ་ཅིན་ ན་གཞོན་ཚུ་གི་བར་ན་ ནད་གཞི་མ་འདྲཝ་ ལེ་ཤ་འཐོབ་ནིའི་ ཉེན་ཁ་ཡོདཔ་ལས་ གསོ་བ་དང་ ལུས་སྦྱོང་ཤེས་ཡོན་དེ་ གལ་ཅན་ཅིག་ཨིན་ཟེར་ ཞུ་ཡི།
བི་རན་ཌ་ ཅི་མོ་རི་ཡ་གིས་ ཞུ་མིའི་ནང་ རྒྱལ་ཁབ་ནང་ སློབ་གྲྭ་༥༦༧ ཡོད་མི་ལས་ རྩེད་རིགས་ཀྱི་ སློབ་སྟོན་པ་༣༣༩ ལས་བརྒལ་ མིན་འདུག་ཟེར་ཨིན་པས།
རྩི་རང་གི་འཐུས་མི་ ཉི་མ་དབང་འདུས་ཀྱིས་ ཞུ་མིའི་ནང་ ཤེས་རིག་ལྷན་ཁག་གིས་ རྩེད་རིགས་སློབ་སྟོན་པ་ཚུ་ ཁག་འབག་ཐོག་ལུ་ བཙུགས་ནི་མེན་པར་ གཏན་འཇགས་ཀྱི་ ལས་བྱེདཔ་ཅིག་སྦེ་ བཙུགས་དགོཔ་འདུག་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ རྩེད་རིགས་སློབ་སྟོན་པ་ཚུ་གིས་ གསོ་བ་དང་ལུས་སྦྱོང་ཤེས་ཡོན་ཚུ་ དམིགས་བསལ་གྱི་ སྦྱོང་བརྡར་མེད་མི་གིས་ སློབ་སྟོན་འབད་ནི་དེ་ འོས་འབབ་ཅིག་ མི་མཐོང་མས་ཟེར་ ཞུ་ཡི།
བསམ་རྩེ་རྒྱལ་ཡོངས་ཚོགས་སྡེའི་འཐུས་མི་ བཀྲིས་དོན་གྲུབ་ཀྱིས་ ཞུ་མིའི་ནང་ སློབ་གྲྭའི་རྩེད་རིགས་སློབ་སྟོན་པ་ཚུ་གིས་ སློབ་ཕྲུག་བུཚ་དང་བུམོ་ བདག་འཛིན་པ་དང་ མཛོད་ཁང་བདག་འཛིན་པའི་ ལས་སྣ་སྣ་མང་སྦེ་ འབད་དགོཔ་ལས་ ཁོང་རའི་ འགན་ཁུར་ངོ་མ་འབག་ནི་ལུ་ ཐོ་ཕོག་སྟེ་ འདུག་ཟེར་ཨིན་པས།
ཁོ་གིས་ ཞུ་མིའི་ནང་ ལོ་བསྟར་བཞིན་དུ་ མཐོ་རིམ་སློབ་གྲྭ་ཚུ་ནང་ རྩེད་རིགས་སློབ་སྟོན་པ་ཚུ་ གྱངས་ཁ་ཆོདཔ་ཅིག་ལས་བརྒལ་ མ་ལེན་མི་ལུ་བརྟེན་ ལྷན་ཁག་གིས་ གནས་སྟངས་དེ་ དབྱེ་ཞིབ་འབད་དགོཔ་འདུག་ཟེར་ ཞུ་ཡི།
གནད་དོན་དེ་གི་ཐད་ལུ་ ཤེས་རིག་བློན་པོ་ ཡིད་བཟང་ ཌི་ ཐ་པ་གིས་ ཞུ་མིའི་ནང་ འཆར་གཞི་༡༣ པའི་ནང་ སློབ་གྲྭ་ཚུ་ནང་ རྩེད་རིགས་དང་ ལུས་སྦྱོང་ཤེས་ཡོན་གོང་འཕེལ་གཏང་ནིའི་དོན་ལུ་ གཞུང་གིས་ དངུལ་ཀྲམ་ཐེར་འབུམ་༣.༦༣༥ དེ་ཅིག་ བགོ་བཀྲམ་འབད་དེ་ ཡོད་ཟེར་ཨིན་པས།
དེ་ཡང་ འཆར་དངུལ་ཡོངས་བསྡོམས་ལས་ བརྒྱ་ཆ་༡༠.༨༧ གྱི་བརྩིས་ཨིན་པས།
བློན་པོ་གིས་ ཞུ་མིའི་ནང་ དངུལ་ཀྲམ་ཐེར་འབུམ་༡.༩༧༧ དེ་ སློབ་གྲྭ་ལྟེ་བ་༦༣ དང་ དངུལ་ཀྲམ་ཐེར་འབུམ་༡ དེ་ སློབ་གྲྭ་གཞན་ཚུ་ལུ་ བགོ་བཀྲམ་འབད་ཡོདཔ་མ་ཚད་ རྩེད་རིགས་སློབ་སྟོན་པ་ཚུ་གི་ ལྕོགས་གྲུབ་གོང་འཕེལ་གཏང་ནིའི་དོན་ལུ་ དངུལ་ཀྲམ་ས་ཡ་༩༨ དེ་ལས་ རྩེད་རིགས་ནང་ ལྕོགས་གྲུབ་ཅན་དང་ རྒྱལ་སྤྱི་ནང་ དོ་འགྲན་འབད་ཚུགས་པའི་ སློབ་ཕྲུག་ཡར་ཐོན་འབད་ནི་ལུ་ དངུལ་ཀྲམ་ས་ཡ་༡༦༠ བགོ་བཀྲམ་འབད་དེ་ ཡོད་ཟེར་ཨིན་པས།
སློབ་གྲྭ་ཚུ་ནང་ སློབ་སྟོན་པ་མ་ལང་མི་དང་ སློབ་སྟོན་པ་ཚུ་གིས་ ལས་སྣ་སྣ་མང་འབད་མི་ལུ་ ངོས་ལེན་འབད་ཐོག་ལས་ ཞུ་མིའི་ནང་ རྩེད་རིགས་སློབ་སྟོན་པ་ཚུ་གིས་ མཐོ་རིམ་སློབ་གྲྭ་ཚུ་ནང་ལས་ སྦྱོང་བརྡར་མཇུག་བསྡུ་བའི་ཤུལ་ལུ་ གནད་དོན་དེ་ སེལ་ཐབས་འབད་ཚུགས་ཟེར་ཨིན་པས།
མ་འོངས་ལོ་ཚུ་ནང་ ཤེས་རིག་ལྷན་ཁག་གིས་ སློབ་གྲྭ་སྦོམ་ཚུ་ནང་ རྩེད་རིགས་སློབ་སྟོན་པ་༢ དང་ སློབ་གྲྭ་ཆུང་བ་ཚུ་ནང་ སློབ་སྟོན་པ་རེ་ བགོ་བཀྲམ་འབད་ནིའི་ འཆར་གཞི་ཡོད་པའི་གནས་ཚུལ།
ཨོ་རྒྱན་རྡོ་རྗེ།