༉ གཞུང་གིས་ འཆར་གཞི་༡༣ པའི་ནང་ འབྲུག་ཨོ་ལིམ་པིག་ཚོགས་པ་ལུ་ རྒྱལ་ཁབ་ནང་ རྩེད་རིགས་གོང་འཕེལ་གཏང་ནིའི་དོན་ལས་ འཆར་དངུལ་ཡོངས་བསྡོམས་ དངུལ་བཀྲམ་ཐེར་འབུམ་༡ བགོ་བཀྲམ་འབད་ནུག།
དེ་ཡང་ ད་ལྟོ་ཚོན་ཚོད་ གཞུང་ལས་ ཨོ་ལིམ་པིག་ཚོགས་པ་ལུ་ དེ་བཟུམ་མའི་ འཆར་དངུལ་ཐོབ་མི་དེ་ མཐོ་ཤོས་ཅིག་ཨིན་པས།
འཆར་གཞི་༡༢ པ་དང་ཕྱདཔ་ད་ དངུལ་ཀྲམ་ས་ཡ་༢༩༤ དེ་ཅིག་ ཡར་སེང་འབད་ཡོདཔ་ད་ རྒྱུན་སྐྱོང་ཟད་འགྲོ་ཐད་ཁར་ གསུམ་ལྟབ་སྦེ་ ཡར་སེང་སོང་ཡོདཔ་ཨིན་པས།
འབྲུག་ཨོ་ལིམ་པིག་ཚོགས་པའི་ ལས་རིམ་འགོ་དཔོན་གོངམ་ ཚེ་རིང་བཟང་མོ་གིས་ སླབ་མིའི་ནང་ མ་དངུལ་དེ་ རྒྱལ་ཁབ་ནང་ རྒྱལ་སྤྱི་གནས་ཚད་རྩེད་རིགས་ གཞི་རྟེན་མཐུན་རྐྱེན་ ཡར་སེང་འབད་ནི་ལུ་ གཙོ་རིམ་བཟུང་འོང་ཟེར་ཨིན་པས།
ཚོགས་པའི་ཡུན་བརྟན་དམིགས་ཡུལ་དེ་ གཞི་རྟེན་མཐུན་རྐྱེན་ལུ་ མ་རྩ་གཞི་བཙུགས་ མངམ་འབད་ཐོག་ལས་ འབྲུག་དེ་ ལུང་ཕྱོགས་རྩེད་རིགས་ལྟེ་བ་ཅིག་སྦེ་ བཟོ་ནི་དེ་ཨིན་པས།
ད་རེས་ འབྲུག་ལུ་ རྩེད་རིགས་ས་ཁོངས་༢ རྐྱངམ་གཅིག་ ལུང་ཕྱོགས་འགྲན་བསྡུར་ འགོ་འདྲེན་འཐབ་ནི་ལུ་ འོས་འབབ་ཡོདཔ་ད་ དེ་ཡང་ ཐིམ་ཕུག་ སྦས་སྦིས་ན་ལུ་ཡོད་པའི་ ཆུ་རྩལ་ལྟེ་བ་དང་ དགེ་ལེགས་ཕུག་ རྒྱལ་སྤྱི་ཀི་རི་ཀེཊ་རྩེད་ཐང་ཨིན་པས།
ཚེ་རིང་བཟང་མོ་གིས་ སླབ་མིའི་ནང་ ཚོགས་པའི་འཆར་གཞི་གཙོ་གཅིགཔོ་དེ་ དངུལ་ཀྲམ་ས་ཡ་༦༦༧ གཏང་ཐོག་ལས་ ཐིམ་ཕུག་ སྡེཔ་སྲིད་ལུ་ རྒྱལ་སྤྱི་གནས་ཚད་ཀྱི་ ཀི་རི་ཀེཊ་རྩེད་ཐང་ཅིག་ རྐྱབ་ནི་དེ་ཨིན་ཟེར་ཨིན་པས།
དེ་ལས་ སྡེཔ་སྲིད་ཀྱི་ལྟག་ལུ་ ལྕང་ར་མ་ལུ་ ཁྱིམ་ནང་གི་ རྒྱལ་སྤྱི་གནས་ཚད་ཅན་གྱི་ རྩེད་ཐང་ཅིག་ རྐྱབ་ནིའི་ལས་རིམ་ཡོདཔ་ད་ དེ་ནང་ མཐུན་རྐྱེན་གཅིག་ནང་ རྩེད་རིགས་ཁག་མ་འདྲཝ་ཚུ་ འགོ་འདྲེན་འཐབ་ཚུགས་ནི་ཨིནམ་ད་ ཁྱིམ་ནང་གི་རྩེད་རིགས་ཚུ་ཡང་ བོ་ལི་བཱོལ་དང་ བཱསི་ཀེ་བཱོལ་ བེག་མིན་ཊཱོལཝན་ ཊེ་བཱལ་ཊེ་ནེསི་ མཛོག་ཁྱད་ ཀ་ར་ཊི་ དེ་ལས་ ཊའི་ཀཱོན་ཊོ་ལ་སོགས་པ་ཚུ་ ཚུདཔ་ཨིན་པས།
འཆར་གཞི་གཙོ་རིམ་༣ པ་དེ་ ལྕང་གླིང་མི་ཐང་ནང་ རྒྱལ་ཡོངས་རྩེད་རིགས་ཚན་རིག་ལྟེ་བ་ རྐྱབ་ནི་ཨིནམ་ད་ ལྟེ་བ་ཚུ་ཡང་ རྒྱལ་ཁབ་གཞན་ཁར་ ལུས་རྩལ་ལྷན་ཐབས་དང་ གསོ་བ་དང་ ཞི་བདེ་གོང་འཕེལ་ དེ་ལས་ རྩེད་རིགས་མདུན་སྐྱོད་ཀྱི་ ཞིབ་འཚོལ་འབད་ནི་ལུ་ གལ་ཅན་ཅིག་ཨིན་པས།
ལྟེ་བ་གིས་ ལས་དོན་ལྷན་ཐབས་དང་ རྨ་སྐྱོན་བཀག་ཐབས་དང་བསྐྱར་གསོ་ མཐུན་སྒྲིག་ དེ་ལས་ གསོ་བ་དང་བདེ་ཁམས་གོང་འཕེལ་ལ་སོགས་པ་དང་འབྲེལ་བའི་ མཐུན་རྐྱེན་ཚུ་ བྱིན་ཚུགས་ནི་ཨིན་པས།
ཚེ་རིང་བཟང་མོ་གིས་ སླབ་མིའི་ནང་ ད་ལྟོའི་ གླང་རྒྱུག་ཕར་ཁ་ལུ་ཡོད་པའི་ ཨོ་ལོཝིམ་པིག་མདའ་རྩེད་ལྟེ་བ་དེ་ཡང་ རྒྱ་སྐྱེད་གཏང་སྟེ་ ཁ་སྐོང་མཐུན་རྐྱེན་ཚུ་ བཙུགས་འོང་ཟེར་ཨིན་པས།
མོ་གིས་འབད་བ་ཅིན་ འབྲུག་ཨོ་ལིམ་པིག་ཚོགས་པ་གིས་ མ་རྩ་གཞི་བཙུགས་མ་འབད་བའི་ཧེ་མར་ རྩེད་རིགས་ཀྱི་ འོས་འབབ་ཚུ་བལྟ་ནི་ཨིནམ་ད་ འཆར་གཞི་༡༣ པའི་ནང་ འབྲུག་ཨོ་ལོམ་པིག་ཚོགས་པ་གིས་ མི་སྟོབས་གོང་འཕེལ་དང་ ལུས་རྩལ་གོང་འཕེལ་གྱི་དོན་ལུ་ཡང་ མ་རྩ་གཞི་བཙུགས་འབད་འོང་ཟེར་ཨིན་པས།
ད་རེས་ ཕུཊ་བཱོལ་དང་ ཀི་རི་ཀེཊ་ མདའ་རྩེ་ དེ་ལས་ ཊའི་ཀཱོན་ཌོ་ཚུ་ རྒྱལ་ཁབ་ནང་ འོས་འབབ་སྦོམ་ཡོདཔ་སྦེ་ མཐོངམ་ཨིན་པས།
དུས་ཅི་ གཞུང་གི་ འཆར་དངུལ་མང་ཤོས་ཅིག་ རྩེད་རིག་གོང་འཕེལ་གཏང་ལུ་ ཁས་ལེན་འབད་དེ་ཡོདཔ་ད་ འཆར་གཞི་༡༣ པའི་ནང་ རྩེད་རིགས་གོང་འཕེལ་དེ་ མི་སྡེ་ལས་སྡེ་དང་གཅིག་ཁར་ ཤེས་རིག་དང་ གསོ་བ་དེ་ མཉམ་དེབ་འབད་དེ་ཡོདཔ་ལས་ འཆར་དངུལ་མངམ་བགོ་བཀྲམ་འབད་དགོཔ་དེ་ དགོས་མཁོ་ཅན་ཅིག་ཨིན་པས།
གཞུང་གིས་ ཚོགས་པ་ལུ་ དངུལ་ཀྲམ་ཐེར་འབུམ་༡ གནང་བྱིན་སྦེ་ ཁ་སྐོང་བྱིན་ནིའི་ ཁས་ལེན་འབད་ཡོདཔ་ཨིན་པས།
འབྲུག་ཨོ་ལིམ་པིག་ཚོགས་པ་གིས་ གཞུང་ལས་ ཟླཝ་འདི་ནང་ གནང་བྱིན་ཐོབ་སྟེ་ཡོདཔ་ད་ འཆར་དངུལ་དེ་གིས་ མི་སྟོབས་གོང་འཕེལ་དང་ ལུས་རྩལ་གོང་འཕེལ་གཏང་ནི་ལུ་ ལྷན་ཐབས་འབད་དེ་ཡོདཔ་ཨིན་པས།
གནང་བྱིན་གྱིས་མ་དོ་བར་ འབྲུག་ཨོ་ལིམ་པིག་ཚོགས་པ་གིས་ རྒྱལ་སྤྱི་ལས་ཡང་ རྒྱབ་སྐྱོར་ཚུ་ འཚོལ་ཞིབ་འབད་དོ་ཡོདཔ་ད་ གཙོ་རིམ་ཅན་གྱི་ རྒྱབ་སྐྱོར་པ་ཚུ་ཡང་ རྒྱལ་སྤྱི་ཨོ་ལོམ་པིག་ཚོགས་ཆུང་དང་ ཨེ་ཤི་ཡ་གི་ ཨོ་ལོམ་པིག་ཚོགས་པ་ཨིན་པས།
རྒྱལ་ཁབ་ནང་ ཕུཊ་བཱོལ་དེ་ ཡོངས་གྲགས་ཅན་གྱི་ རྩེད་རིགས་ཅིག་ཨིནམ་ད་ འབྲུག་ཕུཊ་བཱོལ་ཚོགས་པའི་ བརྡ་བརྒྱུད་དང་ཚོང་བསྒྲགས་འགོ་འཛིན་ ཕུན་ཚོག་དབང་འདུས་ཀྱིས་ སླབ་མིའི་ནང་ ཚོགས་པ་གིས་ ལྕང་གླིང་མི་ཐང་གི་ རྩེད་ཐང་ཉམས་བཅོས་དང་ སྦས་སྦིས་ན་ལུ་ ཚོགས་པའི་ཡིག་ཚང་ལྟེ་བ་ གོང་འཕེང་གཏང་ནི་ དེ་ལས་ བཀྲིས་སྒང་སག་སྟེང་ལུ་ འགྱིབ་ཀྱི་རྩྭ་གདན་འཐིང་ནིའི་ འཆར་གཞི་ཡོད་ཟེར་ཨིན་པས།
གཞི་རྟེན་མཐུན་རྐྱེན་ཡར་དྲག་དང་ རྩེད་རིགས་ནང་ ན་གཞོན་འབྲེལ་གཏོགས་ཀྱིས་ མ་དོ་བར་ ལུས་རྩལ་དང་ རྩེད་རིགས་ལུ་ དགའ་མི་ཚུ་དང་འཁྲིལ་བ་ཅིན་ རྩེད་རིགས་དང་འབྲེལ་བའི་དཀའ་ངལ་ཚུ་ ལེ་ཤ་ཡོད་ཟེར་ཨིན་པའི་གནས་ཚུལ།
ཨོ་རྒྱན་རྡོ་རྗེ།

Advertisement