༉ སྒོ་ནོར་གྱི་གྱངས་ཁ་དང་ ཐོན་སྐྱེད་ དེ་ལས་ དཔལ་འབྱོར་ཡར་དྲག་གཏང་ནི་ལུ་ གཙོ་རིམ་བཟུང་སྟེ་ གཞུང་གིས་ ས་ཁ་མཐོ་སའི་མི་སེར་ཚུ་གི་དོན་ལུ་ འཆར་གཞི་༡༣ པའི་ནང་ འཆར་དངུལ་ དངུལ་ཀྲམ་ས་ཡ་༡༨༠ བགོ་བཀྲམ་འབད་ཡོདཔ་ཨིན་པས།
དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ དྲི་བཀོད་ལས་རིམ་སྐབས་ སོ་ནམ་དང་སྒོ་ནོར་བློན་པོ་ ཡོན་ཏན་ཕུན་ཚོགས་ཀྱིས་ གསལ་བསྒྲགས་འབད་ཡོདཔ་ཨིན་པས།
སྦྱིས་-དཀར་མཚོ་-གཡུས་སུ་གི་འཐུས་མི་ ལྷུན་གྲུབ་དབང་འདུས་དང་ ར་ལྡི་-སག་སྟེང་གི་འཐུས་མི་ བཀྲིས་བསྟན་འཛིན་གྱིས་ འཆར་གཞི་༡༣ པའི་ནང་ ས་མཐོ་སའི་མི་སྡེ་གི་དོན་ལུ་ རྒྱབ་སྐྱོར་འབད་ནི་ལུ་ འཆར་གཞི་དང་ ལས་སྣ་ཚུ་ ག་ཅི་ར་ཡོད་ག་ཟེར་ དྲི་བཀོད་འབད་ནུག།
སོ་ནམ་བློན་པོ་གིས་ སྒོ་ནོར་གྱི་ ནད་གཞི་ཡར་སེང་དང་ ས་ཆ་མར་ཕབ་ དེ་ལས་ གནམ་གཤིས་འགྱུར་བགྲོད་གནས་སྐབས་དང་འབྲེལ་བའི་གདོང་ལེན་ཚུ་ ངོས་འཛིན་འབད་དེ་ཡོད་ཟེར་ཨིན་པས།
ས་མཐོ་སའི་ འཚོ་བ་སྐྱོང་ནིའི་དོན་ལུ་ ལ་ནོར་གཡག་དེ་ ཐོན་ཁུངས་ངོ་མ་ཅིག་ཨིནམ་ད་ ཨིན་རུང་ ཐོན་སྐྱེད་ཚུ་ལངམ་སྦེ་ ཐོན་སྐྱེད་འབད་མ་ཚུགས་མི་དང་ འོང་འབབ་ཚད་གཅིག་ལས་བརྒལ་ བཟོ་མི་ཚུགས་པས་ཟེར་ བློན་པོ་གིས་ཞུ་ནུག།
འབྲུག་གཡག་ཚོགས་སྡེ་གིས་ གཡག་གི་གྱངས་ཁ་ ཡར་སེང་འབད་ནིའི་ལྷན་ཐབས་ལུ་ དངུལ་ཀྲམ་ས་ཡ་༩ བགོ་བཀྲམ་འབད་ཡོདཔ་བཞིན་དུ་ ཁྱིམ་གུང་པ་ཚུ་ལུ་ གོང་འཕེལ་གཏང་ཚུགས་ནི་ཨིན་པས།
གཞུང་གིས་ གནམ་གཤིས་འགྱུར་བགྲོད་དང་ དེ་གི་ གནོད་པ་ཚུ་ གནས་སྟངས་ཧ་གོ་ནི་དང་ འོས་འབབ་ཅན་གྱི་ ཐབས་ལམ་ཚུ་ བཏོན་ནི་ལུ་ ཞིབ་འཚོལ་ཅིག་ འགོ་འདྲེན་འཐབ་ནི་ཨིན་པས།
ཕ་སོན་བཙུགས་ནིའི་ཞབས་ཏོག་ ཕ་སོན་བརྟག་དཔྱད་གཞི་བཙུགས་དང་ ཕ་གླང་གི་གྱངས་ཁ་ཡར་སེང་འབད་ནི་ལུ་ གཞུང་གིས་ དངུལ་ཀྲམ་ས་ཡ་༢༠ དང་ ནོར་ཚུ་གི་ པགས་ནད་སྨན་ཁབ་བཙུགས་ནི་ལུ་ དངུལ་ཀྲམ་ས་ཡ་༡༥ བགོ་བཀྲམ་འབད་ཡོདཔ་ཨིན་པས།
དེ་ལས་ དངུལ་ཀྲམ་ས་ཡ་༣༠ ས་ཆ་བསྐྱར་གསོ་འབད་ནི་དང་ འཛིན་སྐྱོང་གི་དོན་ལུ་དང་ དངུལ་ཀྲམ་ས་ཡ་༣༠ དེ་ ཟད་འགྲོ་བགོ་བཤའི་དོན་ལུ་ གུར་བཀྲམ་སྤེལ་འབད་ནིའི་དོན་ལུ་ བགོ་བཀྲམ་འབད་ཡོདཔ་ཨིན་པས།
བློན་པོ་གིས་ ཞུ་མིའི་ནང་ སོ་ནམ་སྡེ་ཚན་དང་ མཉམ་ལས་ཡར་དྲག་གཏང་གཏང་ཐོག་ལས་ ཐོན་སྐྱེད་དང་ ཚོང་འབྲེལ་ལྷན་ཐབས་འབད་ནི་དེ་ གལ་ཅན་ཅིག་ཨིན་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ གཞུང་གིས་ ཐོན་སྐྱེད་ཀྱི་བཟོ་སྦྱོར་ དར་ཚིལ་ཐོན་སྐྱེད་དང་ སྒམ་རྐྱབ་ནི་ ངོ་སྦྱོར་འབད་ནི་ དེ་ལས་ ཐོན་སྐྱེད་འབད་མི་ཚུ་ལུ་ ཚོང་ལམ་ལེགས་ཤོམ་བཟོ་ནི་གི་ གོ་སྐབས་ཚུ་ བལྟ་འོང་ཟེར་ཨིན་པས།
ལས་སྣ་དེ་ཚུ་གི་དོན་ལུ་ དངུལ་ཀྲམ་ས་ཡ་༣༢ བགོ་བཀྲམ་འབད་དེ་ཡོདཔ་ཨིན་པས།
འབྲུག་གི་ སོ་ནམ་སྒོ་ནོར་གཅིག་སྒྲིལ་གནས་སྡུད་༢༠༢༣ ཅན་མ་དང་འཁྲིལ་བ་ཅིན་ རྒྱལ་ཁབ་ནང་ གཡག་༢༩,༦༩༩ ཡོད་མི་ལས་ ཐིམ་ཕུག་ལུ་ གཡག་༨,༧༤༦ དང་ དགའ་ས་ལུ་ གཡག་༥,༡༣༦ ཡོདཔ་ཨིན་པས།
རྫོང་ཁག་༡༡ གིས་ གཡག་གསོ་སྐྱོང་འབད་དོ་ཡོད་པའི་གནས་ཚུལ།
ཨོ་རྒྱན་རྡོ་རྗེ།