༉ འཆར་དངུལ་ཡར་སེང་འབད་དེ་ཡོད་རུང་ གཞུང་གིས་ རྩིས་ལོ་༢༠༢༤-༢༥ (སྤྱི་ཟླ་༧ པ་ལས་༩ པ་ཚུན་)ལུ་ གསར་སྒྲུབ་མ་དངུལ་ཚུ་ ལེགས་ཤོམ་སྦེ་ ལག་ལེན་འཐབ་མ་ཚུགས་པར་ ལུས་ཡོདཔ་ཨིན་པས།
རྩིས་ལོ་དེ་ནང་ གསར་སྒྲུབ་འཆར་དངུལ་ དངུལ་ཀྲམ་ཐེར་འབུམ་༣༨.༩༦ བགོ་བཀྲམ་འབད་མི་ལས་ སྤྱི་ཟླ་༩ པ་ མཇུག་བསྡུ་བའི་ཤུལ་ལས་ བརྒྱ་ཆ་༧ འབདཝ་ད་ དངུལ་ཀྲམ་ཐེར་འབུམ་༢.༧༣ རྐྱངམ་གཅིག་ ལག་ལེན་འཐབ་ནུག་ཟེར་ དངུལ་རྩིས་ལྷན་ཁག་གིས་བཀོད་ནུག།
གསར་སྒྲུབ་མ་དངུལ་ཚུ་ཡང་ ཁག་ཆེ་བའི་ གཞི་རྟེན་ལས་འགུལ་ འཁོར་ལམ་དང་ ཟམ་ དེ་ལས་ མི་མང་ཞབས་ཏོག་ཚུ་ རྐྱབ་པའི་སྐབས་ བཏང་དགོཔ་བཞིན་དུ་ དེ་ཚུ་ཡང་ དཔལ་འབྱོར་གོང་འཕེལ་དང་ ལཱ་གཡོག་གི་ གོ་སྐབས་བཟོ་ནི་ དེ་ལས་ འཚོ་བའི་གནས་སྟངས་ ཡར་དྲག་གཏང་ནི་ལུ་ གལ་ཅན་ཅིག་ཨིན་པས།
དངུལ་རྩིས་ལྷན་ཁག་གིས་ བཀོད་མིའི་ནང་ གསར་སྒྲུབ་ཀྱི་ འཆར་དངུལ་ལག་ལེན་འཐབ་ མ་ཚུགས་མི་དེ་ལུ་ གནད་དོན་ལེ་ཤ་ འདུག་ཟེར་ཨིན་པས།
རྒྱལ་ཁབ་ཀྱི་ བྱང་ཕྱོགས་ནང་ གནམ་གཤིས་གནས་སྟངས་དང་ བཟོ་སྐྲུན་ཚད་གཅིག་ལས་བརྒལ་ མ་འབད་མི་ལུ་བརྟེན་ རྩིས་ལོ་དེ་གི་ འཆར་དངུལ་ཚུ་ ལག་ལེན་འཐབ་མ་ཚུགས་པར་ ལུས་ཡོདཔ་མ་ཚད་ འཆར་གཞི་ལེགས་ཤོམ་ མ་འབད་མི་དེ་གིས་ ཟད་འགྲོ་ལག་ལེན་འཐབ་ནི་ལུ་ རྒྱ་ཆེ་དྲགས་སྦེ་ར་ ཐོ་ཕོག་སྟེ་ ཡོདཔ་ཨིན་པས།
དུས་ཅི་ སྤྱི་ཟླ་༩ པའི་ ནང་འཁོད་ལུ་ བསྐྱར་ཞིབ་འབད་བའི་ རྒྱུན་སྐྱོང་གི་ཟད་འགྲོ་ དངུལ་ཀྲམ་ཐེར་འབུམ་༥༠.༨༦ བགོ་བཀྲམ་འབད་མི་ལས་ དངུལ་ཀྲམ་ཐེར་འབུམ་༡༠.༡༡ འབདཝ་ད་ བརྒྱ་ཆ་༢༠ ལག་ལེན་འཐབ་སྟེ་ ཡོདཔ་ཨིན་པས།
རྒྱུན་སྐྱོང་འཆར་དངུལ་གྱིས་ གཞུང་གི་ཉིན་བསྟར་གྱི་ཟད་འགྲོ་ དངུལ་ཕོགས་དང་ བདག་སྐྱོང་གི་ཟད་འགྲོ་ དེ་ལས་ མི་སྡེ་གི་ ཞི་བདེའི་ལས་རིམ་ཚུ་ བཏང་དོ་ཡོདཔ་ཨིན་པས།
རྩིས་ལོ་༢༠༢༤-༢༥ ལུ་ (སྤྱི་ཟླ་༧ པ་ལས་༩) ཟད་འགྲོ་ལག་ལེན་ གནས་ཚད་དེ་ བརྒྱ་ཆ་༡༤ འབདཝ་ད་ དངུལ་ཀྲམ་ཐེར་འབུམ་༡༢.༨༤ ལག་ལེན་འཐབ་ཡོད་མི་དེ་ འདས་པའི་ལོ་དང་ཕྱདཔ་ད་ བརྒྱ་ཆ་༡༦ དེ་ཅིག་ མར་བབས་སོང་ཡོདཔ་ཨིན་པས།
དུས་ཅི་ སྤྱི་ཟླ་༩ པའི་ ནང་འཁོད་ལུ་ དངུལ་རྩིས་ལྷན་ཁག་གིས་ ཟད་འགྲོ་ཡོངས་བསྡོམས་དེ་ ན་ཧིང་ དངུལ་ཀྲམ་ཐེར་འབུམ་༨༩.༡༥ ཆ་འཇོག་འབད་མི་ལས་ དངུལ་ཀྲམ་ཐེར་འབུམ་༨༩.༨༢ ཡར་སེང་འབད་ཡོདཔ་ད་ གསར་སྒྲུབ་དང་ རྒྱུན་སྐྱོང་ཟད་འགྲོ་དེ་ བརྒྱ་ཆ་༥༧ དང་ བརྒྱ་ཆ་༤༣ རེ་ ཡོདཔ་ཨིན་པས།
རྩིས་ལོ་༢༠༢༤-༢༥ ལུ་ ཐོན་སྐྱེད་དེ་ ཟད་འགྲོ་ཡོངས་བསྡོམས་ དངུལ་ཀྲམ་ཐེར་འབུམ་༨༩.༨༢ ལས་ དངུལ་ཀྲམ་ཐེར་འབུམ་༧༣.༧༣ ཕོག་ཚད་དཔག་སྟེ་ཡོདཔ་ད་ རྩིས་ཆད་འབད་བ་ཅིན་ དངུལ་ཀྲམ་ཐེར་འབུམ་༡༦.༠༩ ཡང་ཅིན་ ནང་འཁོད་ཐོན་སྐྱེད་ཡོངས་འབོར་ བརྒྱ་ཆ་༥.༣༤ ཨིན་པས།
དངུལ་རྩིས་ལྷན་ཁག་གིས་ བཀོད་མིའི་ནང་ རྩིས་ཆད་ཡར་སེང་དེ་ཡང་ གསར་སྒྲུབ་ཀྱི་ ཡར་སེང་འབད་མི་ལུ་བརྟེན་ཨིནམ་ད་ ལོ་བསྟར་གྱི་ རྩིས་ཆད་ཡར་སེང་སོངམ་ལས་ ནང་འཁོད་ཐོན་སྐྱེད་ཡོངས་འབོར་ལས་ བརྒྱ་ཆ་༣ བཞག་ནི་དེ་ གདོང་ལེན་འབྱུང་ནི་ཨིན་པས།
རྩིས་ལོ་༢༠༢༥-༢༦ ལུ་ རྩིས་ཆད་དེ་ ནང་འཁོད་ཐོན་སྐྱེད་ཡོངས་འབོར་ལས་ བརྒྱ་ཆ་༣.༦༡ བཞག་སྟེ་ ཡོདཔ་ཨིན་པས།
གནད་དོན་སེལ་ཐབས་ལུ་ དངུལ་རྩིས་ལྷན་ཁག་གིས་ དངུལ་རྩིས་ལྷན་ཁག་གིས་ འཆར་དངུལ་ལེགས་ཤོམ་སྦེ་ རྒྱུན་སྐྱོང་འཐབ་ནིའི་དོན་ལས་ ཟླཝ་གསུམ་རེ་གི་ དངུལ་ཁུངས་ཕོག་ཚད་ གཞི་བཙུགས་འབད་དེ་ ཡོདཔ་ཨིན་པས།
དངུལ་ཕོག་ཚད་དང་འཁྲིལ་བ་ཅིན་ གསར་སྒྲུབ་འཆར་དངུལ་དེ་ ཡར་སེང་འགྱོ་ནི་བཟུམ་ཡོདཔ་བཞིན་དུ་ སྤྱི་ཟླ་༩ པ་ལས་༡༢ པའི་ ནང་འཁོ་དལུ་ དངུལ་ཀྲམ་ཐེར་འབུམ་༧ དང་ སྤྱི་ཟླ་༡༢ པ་ལས་༢ པ་ ནང་འཁོད་ལུ་ དངུལ་ཀྲམ་ཐེར་འབུམ་༡༠.༤༧ དེ་ལས་ སྤྱི་ཟླ་༣ པ་ལས་༦ པའི་ནང་ དངུལ་ཀྲམ་ཐེར་འབུམ་༡༨.༧༥ ལུ་ ཡར་འཕར་འགྱོ་ནི་ བཟུམ་ཅིག་ཡོདཔ་ཨིན་པས།
དངུལ་རྩིས་ལྷན་ཁག་གིས་ བཀོད་མིའི་ནང་ རྩིས་ལོ་དེ་གི་ སྤྱི་ཟླ་༧ པ་ལས་༩ པ་ ནང་འཁོད་ལུ་ ཐོན་སྐྱེད་ཡོངས་བསྡོམས་ དངུལ་ཀྲམ་ཐེར་འབུམ་༡༥.༩༤ ཡོདཔ་ཨིན་པས།
ཨིན་རུང་ ཐོན་སྐྱེད་ཡོངས་བསྡོམས་དེ་ སྤྱི་ཟླ་༩ པ་ལས་༡༢ པའི་ནང་ དུམ་གྲ་ཅིག་ མར་ཕབ་འགྱོ་ནི་ བཟུམ་ཅིག་ཡོདཔ་ད་ འཆར་དངུལ་ལས་སྡེ་ཚུ་གིས་ རྩིས་ལོ་མཇུག་ལུ་ ལས་སྣ་ཚུ་ ལག་ལེན་འཐབ་དོ་ཡོད་པའི་ཁར་ ཕྱིའི་ནང་བྱིན་ཡར་སེང་འགྱོ་ནི་ཨིནམ་ལས་ ཐོན་སྐྱེད་དེ་ བཞི་ལྟབ་སྦེ་ མར་ཕབ་འགྱོ་ནི་ཨིན་པས།
དེ་བཟུམ་སྦེ་ སྤྱི་ཟླ་༩ པ་ལས་༡༢ པའི་ནང་ ཁྲལ་བཏབ་ཚར་དོ་ཡོདཔ་ལས་ འོང་འབབ་ཡང ཡར་སེང་འགྱོ་ནི་ཨིན་པས།
ལྷན་ཁག་གིས་ བཀོད་མིའི་ནང་ རྩིས་ལོ་༢༠༢༤-༢༥ གི་ སྤྱི་ཟླ་༧ པ་ལས་༩ པའི་ནང་ འཆར་དངུལ་དངུལ་ཀྲམ་ཐེར་འབུམ་༣.༡ ལྷག་ལུས་ཐོན་ནི་གི་ ཕོག་ཚད་བསྐྱེད་དེ་ཡོདཔ་ད་ རྩིས་ལོ་གི་ སྤྱི་ཟླ་༡༢ པ་ལས་༣ པའི་ནང་ རྩིས་ཆད་དངུལ་ཀྲམ་ཐེར་འབུམ་༡༠.༡༥ དེ་ཅིག་ ཐོན་ནི་བཟུམ་ཅིག་ ཡོདཔ་ཨིན་པས།
རྩིས་ལོ་མཇུག་ལུ་ ཟད་འགྲོ་མངམ་བཏང་རུང་ འོང་འབབ་དེ་ ལེགས་ཤོམ་བཟོ་སྟེ་ རྩིས་ཆད་དངུལ་ཀྲམ་ཐེར་འབུམ་༤ ལུ་ མར་ཕབ་འབད་ནིའི་ ཕོག་ཚོད་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

Advertisement