༉ གཅན་གཟན་སྟག་ཡོད་པའི་ རྒྱལ་ཁབས་༡༣ གྱིས་ ལོ་བསྟར་བཞིན་དུ་ རྒྱལ་ཁབ་རེ་ལུ་ འཆར་དངུལ་ ཡུ་ཨེསི་ཌོ་ལར་ས་ཡ་༡༣༧ གྱི་ ཁྱད་པར་ཆགས་ཏེ་ཡོདཔ་ཨིན་པས།

དེ་འབདཝ་ལས་ ཁོང་ཆ་ཁྱབ་ཀྱིས་ འཆར་དངུལ་ ཡུ་ཨེསི་ཌོ་ལར་ཐེར་འབུམ་༡ བཟོ་ནིའི་ དམིགས་གཏད་བསྐྱེད་ཅི་ཟེར་ སྤྱི་ཟླ་༤ པའི་ཚེས་༢༣ ལུ་ སྤ་རོ་ལུ་སྦེ་ ཡུན་བརྟན་གཅན་གཟན་སྟག་མ་དངུལ་གྱི་ གྲོས་འཛོམས་འགོ་དང་པ་ འཚོགས་པའི་སྐབས་ འཛམ་གླིང་རི་དྭགས་སྲུང་མ་དངུལ་གྱི་ སྟག་ཡུན་བརྟན་རྩོལ་སྒྲུབ་འགོ་ཁྲིདཔ་ ཨིསི་ཊཱི་ ཅ་མཱན་གྱིས་ བཤདཔ་ཨིན་པས།

སྟག་ཉམས་སྲུང་གི་དོན་ལས་ ལོ་༡༠ གྱི་འཆར་དངུལ་གསརཔ་ འགོ་འབྱེད་འབད་མི་དེ་ སྐྱེ་ལྡན་རིགས་སྣ་འཛིན་སྐྱོང་དང་ ནག་རྫས་ཀར་བཱོན་རྒྱུན་རིམ་ མི་ས་ཡ་༡༠༠ ལུ་ཐོན་སྐྱེད་བགོ་བཀྲམ་ དེ་ལས་ སྤྱིར་བཏང་ རྒྱུ་ཀར་གྱི་འཕྲོད་བསྟེན་ ངེས་བརྟན་བཟོ་ནི་ལུ་ གལ་ཅན་ཅིག་ཨིན་པས།

ཨིསི་ཊཱི་ ཅ་མཱན་གྱིས་ སླབ་མིའི་ནང་ མ་དངུལ་ཚུ་ གོ་སྐབས་དང་ སྲིད་བྱུས་རེ་འདུན་ རྒྱལ་ཁབ་ཀྱི་ཆགས་ལུགས་སྐབས་དོན་ དེ་ལས་ འཕྲོ་མཐུད་དེ་ར་ གཅན་གཟན་སྟག་མ་དངུལ་དང་འཁྲིལ་ཏེ་ སྟག་ཡོད་པའི་ རྒྱལ་ཁབ་ཚུ་ནང་ བགོ་བཀྲམ་འབད་འོང་ཟེར་ཨིན་པས།

གྲོས་འཛོམས་དེ་ མི་དབང་རྒྱལ་བཙུན་ རྗེ་བཙུན་པདྨ་དབང་ཕྱུག་མཆོག་གི་ སྐྱབས་འཛིན་འོག་ལུ་ སྟག་ཉམས་སྲུང་མཉམ་རུབ་ཀྱི་ རྒྱབ་སྐྱོར་ཐོག་ལས་ འབྲུག་གཞུང་གིས་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།

མཉམ་རུབ་ནང་ མཐའ་འཁོར་གནས་སྟངས་ཞིབ་དཔྱད་ལས་སྡེ་དང་ རྒྱལ་སྤྱི་སྲོག་ཆགས་དང་ཤིང་སྣ་ འཛམ་གླིང་རྒྱལ་སྤྱི་རང་བཞིན་ཉམས་སྲུང་ རང་བཞིན་གནས་སྟངས་ལ་སོགས་པ་བརྩིས་ཏེ་ ཉམས་སྲུང་དྲག་ཤོས་ ཁག་མ་འདྲཝ་ལེ་ཤ་ཡོདཔ་ཨིན་པས།

མི་དབང་རྒྱལ་བཙུན་མཆོག་གིས་ གསུངས་མིའི་ནང་ རྒྱལ་སྤྱི་ས་གཞི་ཨའི་གི་ཉིནམ་ནང་ དོན་སྨིན་ཅན་གྱི་ རི་དྭགས་ཞབས་ཏོག་ འོས་མཐུན་དྲན་ནི་གི་ ཉིནམ་ཅིག་ཨིན་མས་ཟེར་ཨིན་པས།

མི་དབང་རྒྱལ་བཙུན་མཆོག་གིས་ ད་རེས་ གཅན་གཟན་སྟག་དེ་ཡང་ ཉམས་ཉེན་ཅན་གྱི་གྲངས་སུ་ཨིནམ་ལས་ སྡུག་བསྔལ་མྱོང་བའི་གཞི་གནད་ཅིག་ཨིནམ་ད་ གལ་སྲིད་ ང་བཅས་རའི་ མི་ཚེ་ནང་ སྟག་རབས་ཆད་པ་ཅིན་ ང་བཅས་ཀྱིས་ འཐུས་ཤོར་བའི་ རྟགས་ཨིན་ཟེར་གསུངས་ནུག།

གལ་སྲིད་ ང་བཅས་ཀྱིས་ སྐྱེ་ལྡན་རིགས་སྣ་ཚུ་ ཉམས་བཅུག་པ་ཅིན་ ང་བཅས་རའི་ བརྩི་མཐོང་བྱང་བའི་ བརྡ་མཚོན་སྟོན་དོ་ཡོདཔ་ད་ དེ་བཟུམ་སྦེ་ སྐྱེ་ལྡན་གནས་སྟངས་རིམ་ལུགས་དེ་ ཡུན་བརྟན་སྦེ་ བཞག་མ་ཚུགས་པ་ཅིན་ ང་བཅས་ཀྱིས་ མི་ཚེའི་སྙིང་པོ་བྱང་ཡོད་པའི་ རྟགས་མཚན་ཨིན་ཟེར་ མི་དབང་རྒྱལ་བཙུན་མཆོག་གིས་ གྲོས་འཛོམས་ནང་གསུངས་ནུག།

མི་དབང་རྒྱལ་བཙུན་མཆོག་གིས་ ཉམས་སྲུང་གི་དོན་ལས་ ཁས་ལེན་འབད་ནི་དེ་ དོན་དམ་ཐོག་ལས་ སྣང་མེད་བཞག་ མི་འོང་ནི་དང་ ཡུན་བརྟན་གྱི་མ་དངུལ་དེ་ གལ་ཅན་ཅིག་ཨིན་ཟེར་ གསུངས་ཡོདཔ་ཨིན་པས།

མི་དབང་མཆོག་གིས་ གསུངས་མིའི་ནང་ འཕྲལ་འཕྲལ་ར་ གནས་གོང་ཅན་གྱི་ ཉམས་སྲུང་གི་ལཱ་ནང་ ཕོ་ཚོད་བཀོད་མ་ཚུགས་པའི་ དངུལ་འབྲེལ་གྱི་ རྒྱབ་སྐྱོར་དང་འབྲེལ་བའི་ དཀའ་ངལ་བྱུངམ་མས་ཟེར་ཨིན་པས།

གྲོས་འཛོམས་དེ་ཡང་ གཅན་གཟན་སྟག་གནས་ལུགས་ཀྱི་དོན་ལས་ དངུས་འབྲེལ་གསར་བཏོད་ཐབས་ལམ་ཐོག་ལས་ ཐོན་སྐྱེད་མངམ་བཟོ་ལུ་དམིགས་ཏེ་ཨིན་ཟེར་ མི་དབང་རྒྱལ་བཙུན་མཆོག་གིས་ གསུངས་ཡོདཔ་ཨིན་པས།

གཅན་གཟན་སྟག་ཡོད་པའི་ རྒྱལ་ཁབས་༡༣ ཡོད་མི་གྲས་ལས་༡༠ གིས་ གྲོས་འཛོམས་ནང་ བཅའ་མར་གཏོགས་ཡོདཔ་ཨིན་པས།

བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱིས་ སླབ་མིའི་ནང་ འབྲུག་གིས་ འཛམ་གླིང་གལ་གནད་ཆེ་བའི་ སྟག་གནས་ལུགས་ཉམས་སྲུང་གི་གྲོས་འཛོམས་ འགོ་འདྲེན་འཐབ་ཚུགས་མི་ལུ་ སྐལ་བ་བཟང་ཡི་ཟེར་ཨིན་པས།

ནགས་ཚལ་དང་གླིང་ཁ་ཞབས་ཏོག་ལས་ཁུངས་ཀྱི་མདོ་ཆེན་ བློ་བཟང་རྡོ་རྗེ་གིས་ སླབ་མིའི་ནང་ མ་དངུལ་ཡུ་ཨེསི་ཌོ་ལར་ཐེར་འབུམ་༡ བཟོ་ནི་དང་འབྲེལ་ ལས་རིམ་གྱིས་ མི་སྡེ་གདོང་ལེན་སྒྲིང་སྒྲི་དང་ གཟན་གཟན་སྟག་ལས་ མི་སྡེ་གཞི་བཞག་གདོང་ལེན་ལུ་འགྱུར་བཅོས་འབད་དེ་ མཉམ་གནས་ཞི་བདེ་ ལྷན་ཐབས་འབད་ཚུགས་ཟེར་ཨིན་པས།

འབྲུག་བློ་གཏད་མ་དངུལ་དང་ རང་བཞིན་ཉམས་སྲུང་གི་ འགོ་དཔོན་ཚུ་དང་འཁྲིལ་ཝ་ད་ གྲོས་འཛོམས་ཀྱི་ ལས་རིམ་སྐབས་ གཅན་གཟན་སྟག་གི་ རིས་མོ་བྲིས་མི་ཚུ་ བཙོང་མི་ལས་འོང་འབབ་ བརྒྱ་ཆ་༡༥ སྟག་ཉམས་སྲུང་མ་དངུལ་ནང་ འགྱོ་འོང་ཟེར་ཨིན་པས།

ཁཝ་ནང་སྟག་ཟེར་མི་ འགྲེམས་སྟོན་འབད་ཡོདཔ་ད་ དེ་ལས་ཐོབ་པའི་ འོང་འབབ་བརྒྱ་ཆ་༦༠ སྟག་ཉམས་སྲུང་ནང་ འགྱོ་ནི་ཨིན་པས།

གཅན་གཟན་སྟག་དེ་ འཛམ་གླིང་ནང་ སྦོམ་ཤོས་ཅིག་ཨིན་མི་ གཅན་གཟན་གྱི་རིགས་ཅིག་ཨིན་ལས་ སྟག་གིས་ གཞི་རྟེན་དང་ སྐྱེ་ལྡན་གནས་སྟངས་རིམ་ལུགས་ ལཱ་འགན་སྦོམ་ཡོད་ཡོདཔ་བཞིན་དུ་ རི་དྭགས་དང་ མི་ཚུ་གིས་ བརྟེན་དོ་ཡོདཔ་ཨིན་པས།

སྟག་གནས་ལུགས་ཀྱི་ཡུན་བརྟན་མ་དངུལ་ གྲོས་འཛོམས་ནང་ གངས་རི་ཧེ་མ་ལ་ཡཱན་ས་མཚམས་ཉམས་སྲུང་གནས་ལུགས་རྩོལ་སྒྲུབ་དེ་ཡང་ བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱིས་ འགོ་འབྱེད་འབད་ནུག།

ལུང་ཕྱོགས་དྲོད་ཤུགས་མགྱོགས་ཚད་ལས་ ཤར་གངས་རི་ཨེ་མ་ལ་ཡཱན་ལུང་ཕྱོགས་ཀྱི་ སྐྱེ་ལྡན་རིགས་སྣ་དང་ མི་སྡེ་ཉེན་སྐྱོབ་འབད་ནིའི་དོན་ལས་ རང་བཞིན་གནས་སྟངས་དང་ མི་གི་ཞི་བདེ་༢ ཆ་ར་ སྲུང་སྐྱོབ་འབད་དགོཔ་ཨིན་པས།

དེ་བཟུམ་མའི་ ཐབས་ལམ་བཏོན་མི་དེ་ཡང་ འབྲུག་ལུ་ཡོད་པའི་ འཛམ་གླིང་རི་དྭགས་མ་དངུལ་དང་ རྒྱ་གར་གྱི་ འཛམ་གླིང་རི་དྭགས་མ་དངུལ་ དེ་ལས་ ནེ་པཱལ་གྱི་ འཛམ་གླིང་རི་དྭགས་མ་དངུལ་གྱིས་ རྒྱབ་སྐྱོར་ཐོག་ལས་ ལུང་ཕྱོགས་མཉམ་འབྲེལ་གོང་འཕེལ་གཏང་ནི་དང་ ས་མཚམས་མཉམ་འབྲེལ་གནད་དོན་སེལ་ཐབས་ལ་སོགས་པ་ལུ་དམིགས་ཏེ་ཨིན་པས།

གཅན་གཟན་སྟག་གི་ གྲོས་འཛོམས་དེ་ ད་རིས་ མཇུག་བསྡུ་ནི་ཨིན་པའི་གནས་ཚུལ།

 

 

ཨོ་རྒྱན་རྡོ་རྗེ།

Advertisement