༉ བསམ་རྩེ་ཁྲོམ་ལྟེ་བའི་ ནང་འཁོད་ས་ཁོངས་འཆར་གཞི་༡ པའི་ གོང་འཕེལ་གྱི་དོན་ལུ་ ལཱ་འབད་དོ་ཡོད་རུང་ གུ་རུང་བཱསི་ཏི་ཁྲོམ་༢ པའི་དོན་ལུ་ གོང་འཕེལ་གཞི་རྟེན་མཁོ་ཆས་ཀྱི་ ལཱ་འབད་ནིའི་དོན་ལུ་ འཆར་དངུལ་མེད་པར་ ཐོགས་ལུས་ཡོདཔ་ད་ ཁྲོམ་གྱི་འཆར་གཞི་དེ་ སྤྱི་ལོ་༢༠༡༨ ལས་ར་ ཆ་འཇོག་འབད་ཡོདཔ་ཨིན་པས།
ཁྲོམ་གྱི་འཆར་གཞི་༡ པའི་དོན་ལུ་ ད་ལྟོ་ བཙོག་གཡུར་དང་ འཁོར་ལམ་བཟོ་སྐྲུན་ཚུ་ ལཱ་མཇུག་བསྡུ་ཡོདཔ་ད་ འཆར་གཞི་དང་འཁྲིལ་ འཐུང་ཆུའི་ཆུ་དུང་དང་ རྒྱུན་ཐག་བཙུགས་སྒྲིག་འབད་ནི་ རྐང་ལམ་སེལ་ནི་ བཙོག་གཡུར་ཐེབས་བསལ་དགོཔ་ཡོད་མི་ འཁོར་ལམ་ དེ་ལས་ སྣུམ་འཁོར་བཞག་ཐང་ཚུ་ བཟོ་སྐྲུན་འབད་དགོཔ་ཡོདཔ་ཨིན་པས།
ཁྲོམ་ཁར་སྡོད་མི་ཚུ་གིས་ གཞི་རྟེན་མཁོ་ཆས་ཀྱི་ གདོང་ལེན་སྦོམ་ར་ཡོད་མི་ལུ་ ཚ་གྱང་ཡོད་ལུགས་ཚུ་ བཤད་མི་ལུ་བརྟེན་ བསམ་རྩེ་ཁྲོམ་སྡེའི་འགོ་འཛིན་ བསྟན་འཛིན་གྲགས་པ་གིས་ བཤད་མིའི་ནང་ བཟོ་བཀོད་དང་ གཞི་རྟེན་གོང་འཕེལ་གྱི་ལཱ་ཚུ་ འཆར་གཞི་༡༢ པའི་ནང་ལས་ མཇུག་བསྡུ་ཡོད་རུང་ འཆར་དངུལ་ལངམ་སྦེ་ མེད་མི་ལུ་བརྟེན་ ལཱ་ཚུ་ཤུགས་བཏོན་མ་ཚུགས་ཟེར་ཨིན་པས།
ང་བཅས་ཀྱིས་ ད་ལྟོའི་འཆར་གཞི་གི་ ལོ་དང་པའི་སྐབས་ ཁྲོམ་ངོ་མའི་ནང་ གཞི་རྟེན་གོང་འཕེལ་ལུ་ གཙོ་བོར་བཏོན་ནི་ཨིན་ཟེར་ཨིནམ་ད་ ད་ལྟོ་ ང་བཅས་ཚུ་ དེ་གི་ཐོག་ལུ་ ལཱ་འབད་བའི་བསྒང་ཡོད་ཟེར་ཨིན་པས།
དེ་ལས་ གོང་འཕེལ་གྱི་འཆར་གཞི་ནང་ སྡོད་ས་དང་ སྣུམ་འཁོར་བཞག་ཐང་ཚུ་ ཁྲོམ་སྦུག་ལུ་ཡོད་པའི་ མཆོད་རྟེན་བཟོ་སྐྲུན་གྱི་ ལཱ་མཇུག་བསྡུ་ཞིནམ་ལས་ འགོ་བཙུགས་ནི་ཨིནམ་སྦེ་ སླབ་མི་ལུ་ ས་གནས་ནང་སྡོད་མི་ཚུ་གིས་ ལཱ་ཚུ་མགྱོགས་དྲག་སྦེ་ འབད་ནི་མིན་འདུག་ཟེར་ཨིན་པས།
མཆོད་རྟེན་གྱི་ལཱ་མཇུག་མ་བསྡུ་ཚུན་ ལཱ་གཞན་གྱི་རིགས་ཚུ་ འབད་སྡོད་ནི་ཨིན་ཟེར་ ཁོ་གིས་བཤད་པའི་ཁར་ ཁྲོམ་ལྟེ་བའི་གོང་འཕེལ་གྱི་ལཱ་དེ་ ཚོད་རྩིས་དངུལ་ཀྲམ་ས་ཡ་༥༠ གི་ཐོག་ལུ་ འབད་དོ་ཟེར་ཨིན་པས།
ད་ལྟོའི་ རྩིས་ལོ་གི་དོན་ལུ་ འཆར་དངུལ་ དངུལ་ཀྲམ་ས་ཡ་༡༦༠ བཞག་ཡོདཔ་ད་ རྫོང་ཁག་བདག་སྐྱོང་གི་ཁ་ཐུག་ལས་ ལྷན་ཐབས་འཆར་དངུལ་ དངུལ་ཀྲམ་ས་ཡ་༡༠༠ དགོ་པའི་ཞུ་བ་དེ་ དངུལ་རྩིས་ལྷན་ཁག་ལུ་ འབད་ཡོད་མི་དེ་ཡང་ ཁྲོམ་ལྟེ་བའི་ནང་ གོང་འཕེལ་གྱི་ལཱ་དང་ ཚོད་བསྲེ་ཁྲོམ་བཟོ་སྐྲུན་གྱི་དོན་ལུ་ ཨིན་ཟེར་ཨིན་པས།
ད་ལྟོའི་རྩིས་ལོ་ནང་ དངུལ་ཀྲམ་ས་ཡ་༡༠༠ བཞག་མི་དེ་ བཀྲིས་ཆོས་གླིང་སྨན་ཁང་ བཟོ་སྐྲུན་གྱི་དོན་ལུ་ཨིནམ་ད་ དངུལ་ཀྲམ་ས་ཡ་༡༤ འཐུང་ཆུ་བཀྲམ་སྤེལ་དོན་ལུ་ དངུལ་ཀྲམ་ས་ཡ་༡༡ གོང་འཕེལ་ཆུང་བའི་ལས་འགུལ་ཚུ་འབད་ནི་ཨིནམ་ད་ ལྷག་ལུས་དངུལ་ཀྲམ་ས་ཡ་༣༥ དེ་ ལས་སྡེ་ཁག་ཚུ་ལུ་ བགོ་བཀྲམ་འབད་ཡོདཔ་ལས་ ཁྲོམ་གཞི་རྟེན་གོང་འཕེལ་གྱི་དོན་ལུ་ འཆར་དངུལ་མིན་འདུག་ཟེར་ཨིན་པས།
དེ་ལས་ བཙོག་གཡུར་ ཁབ་ཏོ་མ་བཅད་པར་བཞག་མི་ཚུ་ནང་ ཨ་ལུ་ཚུ་ལུ་ ཉེན་ཁ་ཡོདཔ་ལས་ ཕམ་ཚུ་གིས་ འགན་ཁུར་ཐེབས་ འབག་གནང་ཟེར་ཨིནམ་ད་ བཙོག་གཡུར་ལ་ལོ་ཅིག་ རྐང་ལམ་གྱིས་ ཁྱབ་སྟེ་ཡོདཔ་ལས་ བཙོག་གཡུར་ག་ར་ ཁབ་ཏོ་བཅད་ནི་ལུ་ ཟད་འགྲོ་སྦོམ་གནས་པའི་ཁར་ རྒྱུན་སྐྱོང་གི་ལཱ་འབདཝ་ད་ དཀའ་ངལ་འདུག་ཟེར་ཁོ་གིས་ བཤདཔ་ཨིན་པས།
གྲྭ་ཚང་གི་ བཟོ་སྐྲུན་ཅ་ཆས་རག་རོག་ཚུ་ བཙོག་གཡུར་ནང་ བཀོག་མི་གིས་ཡང་ བཙོག་གཡུར་བསུབས་ཏེ་ བཙོག་ཆུ་ཚུ་ ལམ་བདའ་འོང་མི་གིས་ ཧིན་དུ་ལྷ་ཁང་གི་ཁ་ཐུག་ལས་ཕར་ འགྱོ་དོ་ཡོདཔ་སྦེ་ཨིན་པས།
འཁོར་ལམ་ཧོ་ཀ་ཐོན་མི་ཚུ་ གནམ་བྱཱར་གྱི་ཆརཔ་ཆད་པའི་ཤུལ་ལུ་ ཉམས་བཅོས་འབད་ནི་དང་ ཁག་འབགཔ་ཚུ་ལུ་ ཁག་འབག་གི་དུས་ཡུན་ ལོ་གཉིས་ཡོད་མི་སྐོར་ལས་ གསལ་བསྒྲགས་འབད་ཡོདཔ་ད་ ཁྲོམ་སྡེ་འགོ་དཔོན་གྱིས་ འབད་བ་ཅིན་ རྡོ་འབག་མི་སྣུམ་འཁོར་ཊག་༡༠༠ ལས་བཅད་དེ་ ཉིན་བསྟར་བཞིན་དུ་ འགྲོ་འགྲུལ་འབད་མི་གིས་ འཁོར་ལམ་ཚུ་ མེདཔ་བཏངམ་མས་ཟེར་ཨིན་པས།
རྫོང་ཁག་བདག་སྐྱོང་མཁས་མཆོག་གིས་ བཤད་མིའི་ནང་ ད་ལྟོ་ འཐུང་ཆུ་བཀྲམ་སྤེལ་གྱི་ ལཱ་འབད་བའི་བསྒང་ཡོད་མི་དེ་ མཇུག་བསྡུ་ཞིནམ་ལས་ འཐུང་ཆུ་མ་ལང་མི་དཀའ་ངལ་སེལ་ཚུགས་ནི་དང་ བཟོ་སྐྲུན་གྱི་ལཱ་མཇུག་བསྡུ་ནིའི་དོན་ལུ་ ད་རེས་ཀྱི་ཟླ་མཇུག་ཚུན་ ཕར་འགྱངས་འབད་ཡོདཔ་ད་ དེ་ཡང་ ཁག་འབགཔ་དེ་གིས་ ཧེ་མའི་ལཱ་མཇུག་བསྡུའི་དུས་ཚོད་དེ་ འབྱིད་པའི་ཤུལ་ལུ་ ཐེངས་གཉིས་པ་ ཕར་འགྱངས་འབད་ཡོདཔ་ཨིན་པས།
འཐུང་ཆུ་ལང་མ་ཚུགས་པའི་དཀའ་ངལ་དེ་ སྤྱི་ལོ་༢༠༢༣ ཟླ་༩ པའི་ནང་ ཆུ་རུད་ཐོན་མི་ལུ་བརྟེན་ འདམ་དུམ་གྱི་ཆུ་འཐེན་འཕྲུལ་ཆས་ཚུ་ འཕྱགས་བདའ་མི་ལུ་བརྟེན་ཨིནམ་ད་ ད་ལྟོ་ གནད་དོན་ཁག་ལེ་ཤ་ཅིག་ལུ་བརྟེན་ དཀའ་ངལ་ཚུ་ སེལ་ཚུགས་ནི་ལུ་ དུས་ཡུན་འགོར་ནི་མས་ཟེར་ཨིན་པས།
མི་སྟོབས་ལངམ་སྦེ་མེད་ནི་དེ་གིས་ རྒྱུན་སྐྱོང་གི་ལཱ་འབད་ནི་ལུ་ ལཱ་ཁག་བཏང་དོ་ཡོདཔ་ད་ དམིགས་བསལ་དུ་ གནམ་བྱཱར་གྱི་སྐབས་ལུ་ ལཱ་ཁག་བཏངམ་མས་ཟེར་ ཨིན་པའི་གནས་ཚུལ།
ཚེ་རིང་དབང་འདུས།