༉ སྐྱེས་ལོ་༢༤ ལང་མི་ འཇིགས་མེད་དཔལ་ལྡན་རྡོ་རྗེ་གིས་ གལ་སྲིད་ སྤྱི་ཟླ་༥ པའི་ཚེས་༡༩ ལུ་ འཛམ་གླིང་ནང་ གངས་རི་མཐོ་ཤོས་ཅིག་ཨིན་མི་ ཨེ་བ་རེསི་གུ་ འཛེགས་ཚུགས་པ་ཅིན་ འབྲུག་མི་ཚུ་ དཔའ་ཉམས་བསྐྱེད་ཚུགས་ནི་ཨིན་པས།
འཇིགས་མེད་དཔལ་ལྡན་རྡོ་རྗེ་དེ་ རྒྱ་མཚོའི་གནས་ཚད་ལས་ མཐོ་ཚད་མི་ཊར་༨,༨༤༨ གུ་ འཛེགས་ནི་གི་ དཔའ་བཅའ་མི་ འབྲུག་མི་འགོ་དང་པ་ཨིན་པས།
ཁོ་གིས་ ཁོ་རའི་ མི་སྡེ་བརྡ་བརྒྱུདཔ་ ཨིནསི་ཊ་ག་རམ་ནང་ བཀོད་མི་དང་འཁྲིལ་བ་ཅིན་ གངས་རི་གུ་ འཛེགས་ནིའི་དོན་ལས་ སྒར་༢ པ་དང་༣ འི་དོན་ལུ་ ཉིནམ་༢ དང་༣ གྱི་ཧེ་མར་ འགྱོ་སྡོད་འོང་ཟེར་ཨིན་པས།
གནས་ཚུལ་བཤད་མི་ཚུ་དང་འཁྲིལ་བ་ཅིན་ འཇིགས་མེད་དཔལ་ལྡན་རྡོ་རྗེ་གིས་ གངས་རི་གུ་ སྤྱི་ཟླ་༥ པའི་ཚེས་༡༦ གི་དྲོ་པར་ འཛེགས་ནི་གི་ ལས་རིམ་ཡོདཔ་སྦེ་ གཏན་འཁེལ་འབད་ཡི།
གངས་རི་ཨེ་བ་རེསི་གུ་ མ་འཛེགས་པའི་ཧེ་མར་ འཇིགས་མེད་དཔལ་ལྡན་རྡོ་རྗེ་གིས་ སྡོད་སྒར་༤ བརྒལ་འགྱོ་དགོཔ་ཨིན་པས།
མ་འུནཊི་ ཨེ་བ་རེསི་གུ་ འཛེགས་ནི་ལུ་ ཡོངས་གྲགས་ཡོད་རུང་ དཀའ་ངལ་དང་ གདོང་ལེན་ཡོད་མི་དེ་ ཀུམ་བུ་ཟེར་ས་ལུ་ ཁྱེགས་ཡོད་མི་ལུ་བརྟེན་ཨིནམ་ད་ དེ་ཡང་ གངས་རི་གུ་ འཛེགས་སའི་རྩ་བ་དང་ རྩ་བ་དང་པ་དེ་ མི་ཊར་༥,༩༠༠ དང་ སྒར་༢ པ་དེ་ མི་ཊར་༦,༢༠༠ དང་༦,༤༠༠ བར་ན་ ཆགས་མི་དེ་གིས་ཨིན་པས།
གངས་རི་རྩ་བའི་ སྒར་༣ པ་དེ་ མི་ཊར་༧,༣༠༠ དང་ ལྷོ་ཀཱོལ་དེ་ མི་ཊར་༧,༩༢༥ གི་ ས་གནས་ཁར་ཡོདཔ་ཨིན་པས།
གངས་རི་གུ་འཛེགས་ནི་ མཇུག་བསྡུ་ནིའི་དོན་ལས་ མི་ངོམ་ཚུ་ལུ་ ཉིན་གྲངས་༧༥ བྱིན་དོ་ཡོདཔ་ད་ གལ་སྲིད་ འཆར་གཞི་དང་འཁྲིལ་ཏེ་འགྱོ་བ་ཅིན་ འབྲུག་གི་རྒྱལ་དར་ མ་འུནཊི་ ཨེ་བ་རེསི་གུ་ སྤྱི་ཟླ་༥ པའི་ཚེས་༡༨ དང་ ཡང་ཅིན་༡༩ ལུ་ འཕྱར་ཚུགས་ནི་ཨིན་པས།
འཇིགས་མེད་དཔལ་ལྡན་རྡོ་རྗེ་དེ་ གངས་རི་གུ་འཛེགས་ནིའི་དོན་ལུ་ དཔའ་བཅའ་མི་༤༡༤ ཡོད་མིའི་གྲས་ལས་གཅིག་ཨིནམ་ད་ བཅའ་མར་གཏོགས་མི་ཚུ་ཡང་ རྒྱལ་ཁབ་༧༠ ལས་ཡོདཔ་བཞིན་དུ་ མང་ཤོས་ར་ ཡུ་ཨེསི་ཨེ་ལས་ ཡོདཔ་ཨིན་པས།
མ་འུནཊི་ ཨེ་བ་རེསི་གུ་ འཛེགས་ནི་དེ་ གཞུང་འབྲེལ་ཐོག་ལས་ སྤྱི་ཟླ་༥ པའི་ཚེས་༡༠ ལས་ སྒོ་ཕྱེས་ཡོདཔ་ཨིན་པས།
ཐོ་བཀོད་དང་འཁྲིལ་བ་ཅན་ ནེ་པཱལ་གྱི་ ལྟ་བཤལ་བཀོད་ཚོགས་དང་ གངས་འཛེགས་ལས་སྡེ་ དེ་ལས་ གངས་རི་གུ་ འཛེགས་ནིའི་འཆར་གཞི་ཡོད་མི་ཚུ་གིས་ མ་འུནཊི་ ཨེ་བ་རེསི་གུ་ འཛེགས་ཚར་བའི་ཤུལ་ལས་ ལག་ཁྱེར་ལེན་དགོཔ་ཨིན་པས།
མ་འུནཊི་ ཨེ་བ་རེསི་གུ་ འཛེགས་མི་ཚུ་གི་ཁ་གསལ་ཚུ་ ནེ་པཱལ་ལྟ་བཤལ་བཀོད་ཚོགས་ནང་ ཐོ་བཀོད་འབད་དེ་ ལས་རིམ་ནང་གྲལ་གཏོགས་འབད་མི་ འགྲུལ་སྐྱོད་ལས་སྡེ་ཚུ་དང་ བརྗེ་སོར་འབད་དགོཔ་ཨིན་པས།
འཇིགས་མེད་དཔལ་ལྡན་རྡོ་རྗེ་གིས་ སྤྱི་ཟླ་༥ པའི་ཚེས་༡ ལས་ མ་འུནཊི་ ཨེ་བ་རེསི་གུ་ འཛེགས་ནི་གི་ སྔོན་འགྲོའི་ལས་རིམ་ཚུ་ འགོ་བཙུགས་ཡོདཔ་ལས་ སྒར་༣ པ་ལུ་ལྷོད་ཡོདཔ་བཞིན་དུ་ ལོག་ངལ་འཚོ་ནིའི་དོན་ལུ་ ཁ་དམའ་ས་ལུ་ཡོད་པའི་ སྒར་ནང་འོང་ཡོདཔ་ད་ གངས་རི་གུ་ ངོ་མ་སྦེ་ འཛེགས་ནིའི་དོན་ལས་ གནམ་གཤིས་གནས་སྟངས་ལེགས་ཤོམ་ཅིག་ལུ་ བསྒུག་སྡོད་དགོཔ་ཨིན་པས།
དེ་བཟུམ་མའི་ བྱ་རིམ་དེ་གིས་ གངས་འཛེགསཔ་ཚུ་ མཐོ་ཚད་བདེ་སྒྲིག་འབད་ནི་ལུ་ ལྷན་ཐབས་དང་ གྱེན་འཛེགས་ནི་གི་ གདོང་ལེན་དོན་ལས་ གྲ་སྒྲིག་འབད་ཚུགས་ནི་ཨིན་པས།
འཇིགས་མེད་དཔལ་ལྡན་རྡོ་རྗེ་དེ་ ནེ་པཱལ་གཞུང་དང་ ཐོ་བཀོད་ཡོད་མི་ལས་སྡེ་ པོའི་ནར་ ཨེཌ་བིན་ཅར་ནང་ཡོདཔ་ཨིན་པས།
པོའི་ནར་ ཨེཌ་བིན་ཅར་གཞི་བཙུགས་འབད་མི་ ནི་པིཤ་ ཀར་གི་གིས་ སླབ་མིའི་ནང་ འཇིགས་མེད་དཔལ་ལྡན་རྡོ་རྗེ་གིས་ མ་འུནཊི་ ཨེ་བ་རེསི་གུ་ སྤྱི་ཟླ་༥ པའི་ཚེས་༡༧ ལས་༢༡ བར་ན་ འཛེགས་ནི་གི་ དམིགས་གཏད་བསྐྱེད་དེ་ཡོད་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ འཇིགས་མེད་དཔལ་ལྡན་རྡོ་རྗེ་གིས་ སྤྱི་ཟླ་༥ པའི་ཚེས་༡༤ པའི་ཤུལ་ལས་ གངས་རི་རྩ་བའི་ སྒར་༢ པ་ལུ་འཛེགས་ནི་ འགོ་བཙུགས་ནི་ཨིནམ་ད་ གལ་སྲིད་ གཟུགས་སྟོབས་སྒྲིང་སྒྲིང་སྦེ་ སྡོད་པ་ཅིན་ ཁོ་གིས་ སྤྱི་ཟླ་༥ པའི་ཚེས་༡༧ ལུ་ མ་འུནཊི་ ཨེ་བ་རེསི་གུ་ ལྷོད་ཚུགས་ཟེར་ཨིན་པས།
པོའི་ནར་ ཨེཌ་བིན་ཅར་གཞི་བཙུགས་འབད་མི་ ནི་པིཤ་ ཀར་གི་གིས་ སླབ་མིའི་ནང་ འཇིགས་མེད་དཔལ་ལྡན་རྡོ་རྗེ་དེ་ འཕྲོད་བསྟེན་གནས་སྟངས་ སྒྲིང་སྒྲི་ཡོད་པའི་ཁར་ གངས་རི་གུ་ འཛེགས་ནི་ལུ་ གྲ་སྒྲིག་སོང་སྟེ་ཡོད་ཟེར་ཨིན་པས།
འཇིགས་མེད་དཔལ་ལྡན་རྡོ་རྗེ་དེ་ སྤྱི་ཟླ་༤ པའི་ཚེས་༡༠ ལུ་ ནེ་པཱལ་ལུ་ལྷོད་དེ་ ཉིནམ་༢ ཀྱི་ཤུལ་ལས་ ཨི་བ་རེསི་གི་ རྩ་བའི་སྒར་ནང་ལས་ ལ་བཤལ་འགོ་བཙུགས་ཡོདཔ་ཨིན་པས།
ནི་པིཤ་ ཀར་གི་གིས་ སླབ་མིའི་ནང་ འཇིགས་མེད་དཔལ་ལྡན་རྡོ་རྗེ་དེ་ མཐར་འཁྱོལ་ཅན་ཅིག་སྦེ་ གངས་རི་གུ་ འཛེགས་ཚུགས་ནིའི་དོན་ལུ་ གྲ་སྒྲིག་འབད་བའི་བསྒང་ཡོདཔ་བཞིན་དུ་ གངས་རི་གི་ སྤྱི་ཏོག་གུ་ འབྲུག་པའི་རྒྱལ་དར་ འཕྱར་ཚུགས་མི་དེ་ དང་པ་འོང་ནི་ཨིན་པས།
འཇིགས་མེད་དཔལ་ལྡན་རྡོ་རྗེ་དེ་ རྒྱལ་ཡོངས་དམག་སྡེའི་སྦྱོང་བརྡར་སྤེལ་ཁང་ལས་ འགོ་དཔོན་གྱི་ སྦྱོང་བརྡར་མཁར་འཁྱོལ་ཡོདཔ་བཞིན་དུ་ རྟ་གུ་ཞོན་མི་དྲག་ཤོས་ཅིག་ཨིན་པའི་ཁར་ སྤྱི་ལོ་༢༠༢༢ ལུ་ ཨའི་ཨེམ་ཨེ་ཨཱེལ་ཊི་ སཱཊི་ཡཱན་ཌ་ ཅཱའོ་དཱ་རི་རྟགས་མ་ཡང་ ཐོབ་ཡོདཔ་ཨིན་པས།
འཇིགས་མེད་དཔལ་ལྡན་རྡོ་རྗེ་དེ་ བསྟན་སྲུང་དྲག་པོའི་དམག་སྡེ་གི་ སྡེ་གོང་ཅིག་ ཨིན་པའི་གནས་ཚུལ།
ཨོ་རྒྱན་རྡོ་རྗེ།