༉ ལྡོག་ཕྱོགས་ཚོགས་པ་གིས་ གཞུང་གི་གྲོས་ཆོད་དང་ ཁས་བླངས་དང་འབྲེལ་བའི་གནད་དོན་ཚུ་ལུ་ ག་ནི་ཡང་ མ་སླབ་པར་ ཁུ་སིམ་སི་སྡོད་ཡོདཔ་སྦེ་ སླབ་མིའི་ཐད་ཁར་ ཚོགས་པའི་འགན་ཁུར་དེ་ གྲོས་ཆོད་ག་ར་ལུ་ རྒྱབ་འགལ་འབད་ནི་མེན་པར་ འཇོན་ཐངས་ཅན་གྱི་གཞུང་སྐྱོང་ ངེས་བརྟན་བཟོ་ནི་ལུ་ཨིན་ཟེར་ དོགས་སེལ་འབདཝ་ཨིན་པས།
དེ་ཡང་ འཕྲལ་ཁམས་ཅིག་ཁར་ བརྡ་བརྒྱུདཔ་ཚུ་དང་ ཞལ་འཛོམས་འཚོགས་པའི་སྐབས་ལུ་ བཤད་ཡོདཔ་ད་ ལྡོག་ཕྱོགས་འགོ་ཁྲིདཔ་ པདྨ་ཚེ་དབང་གིས་ སླབ་མིའི་ནང་ ཚོགས་པའི་འགན་ཁུར་གཙོ་བོ་ར་ གཞུང་ལུ་ མི་སེར་ཚུ་གི་མཐའ་དོན་ལུ་ སྲིད་བྱུས་དང་ བཅའ་ཡིག་དང་སྒྲིག་གཞི་ ལག་ལེན་འཐབ་ད་ རྒྱབ་སྐྱོར་འབད་ནི་དེ་ཨིན་ཟེར་ཨིན་པས།
ལྡོག་ཕྱོགས་དེ་ གཞུང་ལུ་ རྒྱབ་འགལ་འབད་ནི་མེན་པར་ དགག་བཤེར་དང་ཚད་མཉམ་ཐོག་ལས་ དང་ལེན་འབད་ནི་ཨིནམ་ད་ དེ་གིས་ རྒྱལ་ཁབ་དང་ མི་སེར་༢ ཆ་ར་ལུ་ ཕན་ཐོགས་འབྱུང་ཚུགས་ཟེར་ཨིན་པས།
ཚོགས་པ་གིས་ འདེམས་ཁོངས་ངོ་རྐྱང་ཚུ་ལུ་ གནད་དོན་དེ་ཚུའི་སྐོར་ལས་ གྲོས་བསྟུན་འབད་ནི་ལུ་ ཨུ་ཚུགས་མ་བསྐྱེད་པར་ཡོདཔ་ད་ དེ་བ་ གནད་དོན་སྦོམ་དང་ རྒྱལ་ཡོངས་ལུ་ཕན་པའི་སྲིད་བྱུས་ཚུ་ གཙོ་རིམ་བཟུང་སྟེ་ ཡོད་ཟེར་ཨིན་པས།
ཁས་བླངས་ཀྱི་ ལཱ་འབད་ནི་ལུ་ གཞུང་ལུ་ དུས་ཚོད་བྱིན་ཏེ་ཡོདཔ་ད་ གནས་ཡུལ་ལོ་༡ མཇུག་བསྡུ་བའི་ཤུལ་ལས་ ལྡོག་ཕྱོགས་ཚོགས་པ་གིས་ ཁོ་གི་ཁས་བླངས་ཚུ་ དུས་མཐུན་འབད་འོང་ཟེར་ པདྨ་ཚེ་དབང་གིས་ བཤདཔ་ཨིན་པས།
ལྡོག་ཕྱོགས་ཚོགས་པ་གིས་ བཙག་འཐུའི་སྐབས་ གཞུང་དང་ ལྡོག་ཕྱོགས་ཚོགས་པའི་ ཁས་བླངས་བརྒྱ་ཆ་༨༠ ཆ་འདྲཝ་སྦེ་ཡོདཔ་ད་ སྨན་སྦིས་བཙན་མཁར་གྱི་འཐུས་མི་ བསྟན་པ་རྡོ་རྗེ་གིས་ སླབ་མིའི་ནང་ སྤྱི་ཚོགས་ནང་ ལྡོག་ཕྱོགས་ཀྱི་ཁ་ཐུག་ལས་ དྲི་བ་༤༠ དེ་ཅིག་ བཀོད་མི་ལས་༡༩ གཞུང་གི་ཁས་བླངས་དང་ འབྲེལ་བ་ཡོད་མི་ཚུ་ཡོད་ཟེར་ཨིན་པས།
ལྡོག་ཕྱོགས་ཚོགས་པའི་ འཐུས་མི་ཚུ་གིས་ གཞུང་གི་ཁས་བླངས་ ཁག་འབག་ཞི་གཡོག་ཚུ་ གཏན་འཇགས་བཟོ་ནི་དང་ མོང་སྒར་ སྤོང་ཅུ་ལ་ལུ་ གནམ་གྲུ་ཐང་བཟོ་ནི་ གྲོང་གསེབ་ཚེ་སྲོག་ཉེན་བཅོལ་ ཨ་ལོ་༣ པམ་སྐྱེས་མི་ལུ་འཐུས་ ཀུར་རི་གོང་རི་ཕྲང་ལམ་བསལ་ནི་ དེ་ལས་ སྐྱིན་འགྲུལ་གྱི་སྐྱེད་མར་ཕབ་དང་ མོ་བཱ་ཡལ་གྱི་ ཌ་ཊ་མར་ཕབ་ཀྱི་ གནད་དོན་ཁག་མ་འདྲཝ་ཚུའི་སྐོར་ལས་ དྲི་བ་བཀོད་ཡོདཔ་ཨིན་པས།
ལྡོག་ཕྱོགས་འགོ་ཁྲིདཔ་གིས་ སླབ་མིའི་ནང་ ཚོགས་པ་གིས་ བློན་ཆེན་དང་ ཟུང་ཕྱོགས་ཀྱི་ གནད་དོན་སྐོར་ལས་ དུས་མཐུན་འབད་ཡོདཔ་བཞིན་དུ་ ཁས་བླངས་འགྲུབ་ནི་ལུ་ བསམ་འཆར་ཚུ་ཡང་ བཀོད་ཅི་ཟེར་ཨིན་པས།
མོང་སྒར་གྱི་འཐུས་མི་ གནས་བརྟན་དབང་ཕྱུག་གིས་ སླབ་མིའི་ནང་ སྤྱི་ཚོགས་ནང་ ཚོགས་ཆུང་༩ ཡོད་མི་ནང་ གནད་དོན་ག་ར་ གསུང་གྲོས་གནང་ཡོདཔ་ལས་ མི་མང་གི་གདོང་ཁར་ ཚ་གྱང་ཚུ་ ཞུ་དགོཔ་སྦེ་ མེད་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཚོགས་ཆུང་གི་ ཞལ་འཛོམས་ནང་ གཞུང་དང་ ལྡོག་ཕྱོགས་༢ འཐུས་མི་ཆ་ར་ལུ་ མཉམ་འབྲེལ་ཐོག་ལས་ གནད་དོན་གུ་ གྲོས་གྲོས་གནང་ནི་ གོ་སྐབས་ཐོབ་ནི་ཨིནམ་ད་ གཞུང་དང་ ལྡོག་ཕྱོགས་ཀྱི་ འཐུས་མི་ཚུ་གི་ མི་སེར་ཚུ་གི་ མཐའ་དོན་ལུ་ མཉམ་འབྲེལ་ཐོག་ལས་ ལཱ་འབད་དོ་ཟེར་ཨིན་པས།
ཟླཝ་༡ ནང་ ཚོགས་ཆུང་གི་ ཞལ་འཛོམས་ཚར་༡༠༧ འགོ་འདྲེན་འཐབ་སྟེ་ གནད་དོན་ལེ་ཤ་གུ་ གསུང་གྲོས་གནང་ཡོདཔ་ཨིན་པས།
ལྡོག་ཕྱོགས་ཚོགས་པ་གིས་ ཚོགས་པ་གིས་ སྤྱི་ཚོགས་ནང་ གྲོས་བསྟུན་གྱི་དོན་ལུ་ཕུལ་མི་ དཔྱད་ཡིག་དང་ གྲོས་དོན་ཚུ་ག་ར་ལུ་ རྒྱབ་སྐྱོར་འབད་ཡི་ཟེར་ཨིན་པས།
ཨིན་རུང་ ལྡོག་ཕྱོགས་ཚོགས་པ་གིས་ གཞི་སྒྱུར་ལག་ལེན་འཐབ་པའི་ཤུལ་ལས་ བཅའ་ཁྲིམས་༤༧ ལེགས་ཤོམ་བཟོ་དགོཔ་འདུག་ཟེར་ཨིན་པས།
ལྡོག་ཕྱོགས་ཚོགས་པ་གིས་ ཁྲིམས་བཟོའི་བྱ་རིམ་ནང་ དྭངས་གསལ་དང་ འགན་འཁྲི་བཟོ་ནི་ལུ་ ཁས་ལེན་འབད་ཡོདཔ་ད་ དེ་ནང་ བརྡ་བརྒྱུད་དེ་ གལ་ཅན་ཅིག་ཨིནམ་སྦེ་ བཤད་ཡོད་པའི་གནས་ཚུལ།
ཨོ་རྒྱན་རྡོ་རྗེ།

Advertisement