༉ ཆུ་ཁ་རྫོང་ཁག་ སྐྱབས་ཆ་རྒེད་འོག་ རྡོར་དགོན་རིམ་ཏོག་མཐའ་ཟུར་གཡུས་ཚན་ནང་ ཁྱིམ་གུང་༡༢༩ ཡོད་དེ་འབད་རུང་ ཡུན་རིངམོ་སྦེ་ར་ འཐུང་ཆུའི་དཀའ་ངལ་ཐོན་ཏེ་ཡོདཔ་ཨིན་པས།
གཡུས་ཚན་དེ་ ཉེ་འདབས་ལས་ཕར་ ཆུ་རྐ་མེད་པའི་ ས་གནས་ཅིག་འབད་ནི་དེ་གིས་ སྐྱེས་ཆུ་ཡོད་མི་ཚུ་ལུ་བརྟེན་ སྡོད་དོ་ཡོད་རུང་ གནམ་དགུན་ཐོན་པའི་བསྒང་ལས་ ཆུ་དུང་ཚུ་ནང་ ཁྱེགས་ཆགས་ཏེ་ གདོང་ལེན་སྦོམ་ར་བྱུང་དོ་ཡོདཔ་ད་ དཀའ་ངལ་དེ་ ལོ་ཨ་རྟག་ར་ དུས་ཡུན་ཟླཝ་༤ དེ་ཅིག་གི་རིང་ ཐོནམ་ཐོན་ས་ར་ སྡོད་དོ་ཡོདཔ་ཨིན་པས།
ཨིན་རུང་ གཞི་རྟེན་དང་སྐྱེལ་འདྲེན་ལྷན་ཁག་དང་ ཨེས་ཨེན་བི་འཐུང་ཆུ་ཉེན་སྲུང་འཆར་གཞི་༢ ཀྱིས་ མཉམ་འབྲེལ་ཐོག་ལས་ འགན་ཁུར་འབག་སྟེ་ ལག་ལེན་འཐབ་མི་དེ་ཡང་ འཐུང་ཆུའི་ལཱ་འབད་ནི་འགོ་བཙུགས་ཡོདཔ་བཞིན་དུ་ དེ་གིས་ གཡུས་མི་ཚུ་ལུ་ མི་ཚེའི་གནས་སྟངས་དེ་ བསྒྱུར་བཅོས་འབག་འོང་ཚུགས་ནི་ཨིན་པས།
ལས་རིམ་དེ་ གཞི་རྟེན་དང་སྐྱེལ་འདྲེན་ལྷན་ཁག་གི་ འགོ་འདྲེན་ཐོག་ལུ་ ཨེས་ཨེན་བི་གིས་ རྒྱབ་སྐྱོར་འབད་ཡོདཔ་ཨིན་པས།
འཐུང་ཆུའི་འཛིན་སྐྱོང་ལས་འགུལ་དེ་ ད་ལྟོ་ལཱ་འབད་བའི་བསྒང་ཡོདཔ་ལས་ ལས་འགུལ་གྱི་ལཱ་དེ་ མགྱོགས་པ་ར་ མཇུག་བསྡུ་ཚུགས་པའི་ རེ་བ་ཡོདཔ་ཨིན་པས།
རྡོར་དགོན་རིམ་ཏོག་གཡུས་ཚན་ནང་ལས་ ཆོས་སྒྲོན་ཆོས་སྒྲོན་གྱིས་ བཤད་མིའི་ནང་ ལས་འགུལ་གྱི་ལཱ་ལུ་བརྟེན་ བདེ་ཉམས་འབྱུང་ཚུགས་ནི་ ཨིན་མི་དེ་ཡང་ ལས་འགུལ་གྱིས་ ཆུ་དབོག་པར་དུས་ཡུན་རིངམོ་སྦེ་ འགྱོ་དགོ་མི་དེ་ མར་ཕབ་འབད་ཚུགས་ནི་མས་ཟེར་ཨིནམ་ད་ ད་ལས་ཕར་ ང་བཅས་ཀྱིས་ དུས་ཡུན་ཆུ་ཚོད་ལས་བཅད་དེ་ ཆུ་དབོག་པར་འགྱོ་མི་དགོ་ནི་མས་ཟེར་ མོ་གིས་བཤདཔ་མ་ཚད་ གལ་སྲིད་ ང་བཅས་ཀྱི་གསང་སྤྱོད་དང་ ཐབ་ཚང་ནང་ ཆུ་མེདཔ་འདྲཝ་འབད་བ་ཅིན་ གཙང་སྦྲ་འཕྲོད་བསྟེན་ཚུ་ ག་དེ་སྦེ་བཏོན་ཚུགས་ནི་ཟེར་ཨིན་པས།
སྐྱབས་ཆ་རྒཔོ་ སྟོབས་རྒྱས་ཀྱིས་ བཤད་མིའི་ནང་ མཐའ་འཁོར་གནས་སྟངས་ སྐྱོ་སུ་ཡོད་མི་གིས་ འཐུང་ཆུའི་དཀའ་ངལ་དེ་ ཧེང་སྐལ་ར་ཐོནམ་མས་ཟེར་ཨིནམ་ད་ ས་གནས་ཀྱི་ཆུ་རྐ་ ཨོམ་ཆུ་དང་ འདམ་ཆུ་ཚུ་ཡང་ འཛམ་གླིང་ཚ་དྲོད་ཡར་འཕར་ལུ་བརྟེན་ བསྐམས་སོང་བའི་ཁར་ མི་རློབས་ཡར་སེང་འགྱོ་མི་གིས་ གདོང་ལེན་ཅན་ཅིག་སྦེ་ཡོད་ཟེར་ ཁོ་གིས་བཤདཔ་ཨིན་པས།
རྒྱུ་མཚན་འདི་ཚུ་ལུ་བརྟེན་ ཉེ་འདབས་ལས་ཕར་ འོས་འབྱོར་ཅན་གྱི་ ཆུ་རྐ་ཅིག་མེད་ནི་དེ་གིས་ གཡུས་མི་ཚུ་ ཐག་རིང་སར་ཡོད་པའི་ ཆུ་རྐ་ཚུ་ནང་ལས་ཕར་ ཆུ་དབོག་པར་འགྱོ་དགོཔ་ལས་ དེ་གིས་མི་སེར་ཚུ་ ཆུ་དབོག་ནིའི་དོན་ལུ་ ལམ་ཐག་རིང་མི་ལུ་བརྟེན་ གཡུས་ཚན་གྱི་མི་ཚེའི་གནས་སྟངས་དེ་ དོ་འགྲན་ཅན་ཅིག་བཟོཝ་མས་ཟེར་ སྟོབས་རྒྱས་ཀྱིས་ བཤདཔ་ཨིན་པས།
གཞི་རྟེན་དང་སྐྱེལ་འདྲེན་ལྷན་ཁག་དང་ ཨེས་ཨེན་བི་མཉམ་འབྲེལ་ཐོག་ལས་སྦེ་ འབད་བརྩོན་བསྐྱེད་དེ་ ལཱ་འབད་མི་གིས་ ས་གནས་ཀྱི་མི་སེར་ཚུ་ལུ་ ཆུའི་འཛིན་སྐྱོང་སྦྱོང་བརྡར་དང་ ཁོང་ར་གིས་ཆུ་ཉེན་སྲུང་འབད་ནི་ ཆུ་ལྷག་ལུས་ཡོད་མི་ཚུ་ ཡུན་བརྟན་ཅན་བཟོ་ནི་ཚུ་ཨིནམ་ད་ མཐར་ཐུག་ལུ་འབདཝ་ད་ རྒེད་འོག་གི་མི་སེར་ཚུ་གིས་ མཐའ་འཁོར་གནས་སྟངས་ ཉམས་སྲུང་འབད་ནི་ལུ་ གཙོ་རིམ་སྒྲིག་ཡོདཔ་སྦེ་ཨིན་པས།
ང་བཅས་ལུ་ འཐུང་ཆུའི་ཆུ་རྐ་ཉེན་སྐྱོབ་དོན་ལུ་ གོ་བ་བརྡ་སྤྲོད་དང་ གལ་གནད་ཅན་གྱི་ ཤེས་ཡོན་ཐོབ་ནི་དེ་གིས་ ལེགས་ཤོམ་སོང་ཡི་ཟེར་ སྟོབས་རྒྱས་ཀྱིས་ བཤདཔ་ཨིན་པས།
གཡུས་ཚན་གྱི་ ནགས་ཚལ་ཚུ་ནང་ལས་ཕར་ རྩེ་རི་རྫམ་ནི་དང་ འཁོར་ལམ་བསལ་ནི་ ས་གཏེར་རྡོ་གཏེར་གྱི་ ལས་སྣ་ཚུ་ལུ་བརྟེན་ ཆུ་རྐ་ཚུ་ལུ་ གནོད་སྐྱོན་སྦོམ་ར་འབྱུང་དོ་ཡོདཔ་ལས་ ད་ལས་ཕར་ ཆུ་རྐའི་ཉེ་འདབས་ལས་ཕར་ འདི་བཟུམ་གྱི་ལས་སྣ་ཚུ་ མ་ཆོགཔ་སྦེ་བཟོ་ནི་ཨིན་ཟེར་ཨིནམ་ད་ གཞན་ཡང་ མི་སྡེ་ཚུ་གིས་ ནགས་ཚལ་ནང་ ཤིང་འཛུགས་སྐྱོང་གི་ ལས་འགུལ་ཚུ་འགོ་བཙུགས་ཏེ་ ཤིང་མེད་པའི་ས་ཁོངས་ཚུ་ནང་ ཤིང་འཛུགས་སྐྱོང་འབད་དེ་ མ་འོངས་པའི་དོན་ལུ་ ཆུ་རྐ་ཚུ་ ཉམས་མ་བཅུག་པར་ བཞག་ནི་ཨིན་ཟེར་ཨིན་པས།
ད་ལྟོའི་ཆུ་རྐ་མང་ཤོས་ར་ མི་སྡེ་ནགས་ཚལ་ནང་ ཚུད་དེ་ཡོདཔ་ལས་ ས་གནས་ཀྱི་མི་སེར་ཚུ་གིས་ གནད་འགག་ཅན་གྱི་ ས་ཁོངས་ཚུ་ནང་ བདག་འཛིན་འབད་ནི་ ཨིན་ཟེར་ཨིན་པས།
སྟོབས་རྒྱས་ཀྱིས་ བཤད་དོ་བཟུམ་འབད་བ་ཅིན་ གཞི་རྟེན་དང་སྐྱེལ་འདྲེན་ལྷན་ཁག་དང་ ཨེས་ཨེན་བི་མཉམ་འབྲེལ་ཐོག་ལས་ སྦྱོང་བརྡར་བྱིན་མི་གིས་ རྒེད་འོག་གི་མི་སེར་ཚུ་ལུ་ འཐུང་ཆུ་ལྟ་རྟོག་འབད་ནི་དང་ མཐའ་འཁོར་ཉེན་སྐྱོབ་འབད་ནི་ཚུ་ ལེགས་ཤོམ་སྦེ་ར་ ཧ་གོ་སྟེ་ཡོད་ཟེར་ཨིན་པས།
སྦྱོང་བརྡར་མཇུག་བསྡུ་བའི་ཤུལ་ལུ་ རྒེད་འོག་བདག་སྐྱོང་གིས་ འཐུང་ཆུའི་ཉེ་འདབས་ལས་ཕར་ རྡོ་བཏོན་ནི་དང་ ཤིང་བརྡབ་ནི་ལ་སོགས་པ་ཚུ་ འདམ་འཛིན་སྒྲིང་སྒྲི་འབད་ནི་དང་ འདི་བཟུམ་གྱི་ལག་ལེན་དེ་གིས་ ནགས་ཚལ་ལུ་ གནོད་པ་འབྱུང་པའི་ཁར་ འཐུང་ཆུའི་རྐ་ཚུ་ལུ་ཡང་ གནོད་པ་བྱུངམ་མས་ཟེར་ཨིན་པས།
སྤྱི་ལོ་༢༠༢༤ ལུ་ ས་གནས་ཁག་སོ་སོ་ཚུ་ནང་ འཐུང་ཆུའི་རྐ་༡༠ དེ་ཅིག་ བརྟག་དཔྱད་ཚུ་འབད་ཡོདཔ་ད་ གཞི་རྟེན་དང་སྐྱེལ་འདྲེན་ལྷན་ཁག་དང་ ཨེས་ཨེན་བི་གི་ལས་འགུལ་ནང་ འཐུང་ཆུའི་རྐ་ལས་འགོ་བཙུགས་ སྡོད་གནས་ཚུན་གྱི་ ཁ་གསལ་གྱི་འཆར་གཞི་ཚུ་ བཟོ་ཡི་ཟེར་ཨིནམ་ད་ གསོ་བའི་ཁ་ཐུག་ལས་འབད་རུང་ འཐུང་ཆུའི་བརྟག་དཔྱད་འབད་དེ་ མི་སྡེ་ཚུ་ལུ་ གོ་བ་བརྡ་སྤྲོད་ཚུ་ འབད་བཞིན་དུ་ཡོད་ཟེར་ ཨིན་པའི་གནས་ཚུལ།
ཚེ་རིང་དབང་འདུས།