༉ ཀྲོང་གསར་ཁྲིམས་སྲུང་འགག་པ་གིས་ བུམོ་ཅུང་ལུ་དཀྲོགས་མིའི་གནད་དོན་ནང་ འཐུས་མི་ཅིག་ལུ་ རྩོད་གཞི་བཙུགས་མི་དེ་ ཞིབ་དཔྱད་མཐིལ་ཕྱིན་འབད་བའི་ཤུལ་ལུ་ སྤྱི་ཟླ་༨ པའི་ཚེས་༩ ལུ་ ལྡོག་ཕྱོགས་ཀྱིས་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ནང་ བཏང་ཡོདཔ་ཨིན་པས།
ཁྲིམས་སྲུང་འགག་པའི་འགོ་དཔོན་གྱིས་ བཤད་མིའི་ནང་ འཐུས་མི་དེ་གིས་ ཨ་ལུ་གི་གཟུགས་ཁར་ དཀྲོགས་ཡོད་པའི་སྐོར་ལས་ ཉེས་འཛུགས་བཀོད་ནུག་ཟེར་ཨིན་པས།
འབྲུག་གི་ཉེས་འགེལ་ཁྲིམས་དེབ་དང་འཁྲིལཝ་ད་ ལོ་གཉིས་ཀྱི་ཤུལ་ལས་ ཉམས་རྒུད་པའི་ཨའི་གིས་ མོ་རའི་བུམོ་དེ་ལུ་ སྨན་བཅོས་གྱི་དོན་ལུ་ པདྨ་ཡིག་ཚང་ནང་ ཁྱིད་འགྱོ་བའི་སྐབས་སུ་ གནད་དོན་དེ་ ཐོན་ཡོདཔ་སྦེ་ཨིན་པས།
པདྨ་ཡིག་ཚང་གིས་ སྤྱི་ཟླ་༧ པའི་ཚེས་༩ ལུ་ ཀྲོང་གསར་ཁྲིམས་སྲུང་འགག་པ་ལུ་ རྩོད་རྙོག་བཙུགས་ཡོདཔ་ཨིན་པས།
བུམོ་གི་ཨའི་གིས་ འཐུས་མི་དེ་ ལོ་གཉིས་ཀྱི་ཧེ་མར་ ཀྲོང་གསར་ནུབ་སྦི་རྒེད་འོག་གི་ རྒེད་འོག་བདག་སྐྱོང་སྦེ་ སྡོད་པའི་སྐབས་ལུ་ མོ་གི་བུམོ་སྐྱེས་ལོ་༡༤ ལང་མི་དེ་ དཀྲོགས་ཡོད་པའི་སྐོར་ལས་ སླབ་ཡོདཔ་ཨིན་པས།
ཀུན་གསལ་གྱིས་ ཧེ་མ་དྲིས་བཀོད་འབད་བའི་སྐབས་ལུ་ བུམོ་གི་ཨའི་གིས་ བཤད་མིའི་ནང་ ཐུས་མི་དེ་གིས་ མོ་གི་ཁྱིམ་ནང་འཛུལ་ཞིནམ་ལས་ མོ་གི་བུམོ་གི་ ཨོམ་གཡོནམ་གུ་ལུ་ བཟུང་ཡི་ཟེར་ཨིནམ་ད་ དེ་བསྒང་ ཨའི་མོ་ར་ ཆ་རོགས་དང་གཅིག་ཁར་ ནགས་ཚལ་ནང་ ཤ་མུ་འཐུ་བར་སོང་ཡི་ཟེར་ཨིན་པས།
བུམོ་གི་བཟའ་ཚང་ཚུ་ འཐུས་མི་གི་ཁྱིམ་གྱི་ཉེ་འདབས་ལུ་ འཐུས་མི་གི་ ཕོ་རྒནམ་སྦོམ་ཤོས་ཀྱི་ ཁྱིམ་ཆུང་ཀུ་ཅིག་ཡོད་མིའི་ནང་ སྡོད་དོ་ཡོདཔ་ཨིན་པས།
ཉེས་འཛུགས་ཅན་འཐུས་མི་དེ་ སྤྱི་ཟླ་༧ པའི་ཚེས་༢༤ ལུ་ འཛིན་བཟུང་འབད་ཡོད་རུང་ ཉིནམ་དེ་ཁ་ར་ ལོག་བར་འཛུལ་ཐོག་ བཏོན་ཡོདཔ་ཨིན་པས།
ཁྲིམས་སྲུང་འགག་པ་གིས་ བཤད་མིའི་ནང་ འཛིན་བཟུང་འབད་ནི་ ཕྱིས་ཏེ་ལུས་མི་དེ་ གཙོ་བོ་ར་ སྤྱི་ཚོགས་ཀྱི་བཅའ་ཡིག་དང་འཁྲིལ་ ཨིན་མི་དེ་ཡང་ འཐུས་མི་སྤྱི་ཚོགས་ཀྱི་ བཅའ་ཡིག་ནང་ ཚོགས་འཛོམས་ཀྱི་ཧེ་མར་ཉིནམ་༡༥ དང་ གྲོལ་ཞིནམ་ལས་ཉིནམ་༡༥ གི་ནང་འཁོད་ལུ་ འབོད་བཀུག་ལ་སོགས་པ་ འབད་མ་ཆོགཔ་སྦེ་ ཡོད་ནི་དེ་གིས་ཨིན་ཟེར་ཨིནམ་ད་ འཐུས་མི་གི་བར་མཚམས་དུས་ཡུན་དེ་ སྤྱི་ཟླ་༧ པའི་ཚེས་༢༣ ལུ་ ཚངམ་མས་ཟེར་ཨིན་པས།
ཀུན་གསལ་གྱིས་ འགོ་ཐོག་འཐུས་མི་ལུ་ དྲི་བཀོད་འབད་བའི་སྐབས་ ཉེས་འཛུགས་ཡོད་པའི་སྐོར་ ཁ་བཟེད་མ་བཏུབ་ད་ ཁོ་གིས་འབད་བ་ཅིན་ ཁོང་གིས་ ཉེས་འཛུགས་བཀོད་པའི་དུས་ཚོད་ཁར་ ཁོ་ར་ཁྱིམ་གྱི་ཕྱི་ཁར་ ཕྱགསམ་འཕྱགས་སྡོད་ཡོདཔ་ད་ བུམོ་གི་ཁྱིམ་ནང་འགྱོ་མི་དེ་ཡང་ ཕྱགསམ་ཅིག་དགོ་ནི་སྦེ་ སོང་ཡི་ཟེར་ཨིནམ་ད་ ཁོ་ཁྱིམ་ནང་ སོང་བའི་སྐབས་ བུམོ་དེ་མལ་ཆ་ནང་འཛུལ་ ཉལ་སྡོད་མི་ལུ་བརྟེན་ ཁོ་གིས་ བུམོ་དེ་གི་ མལ་ཆ་བཤུབས་ད་ བུམོ་གི་གཟུགས་ཁར་ ལགཔ་རེག་ཡོདཔ་སྦེ་ སླབ་ཡོདཔ་ཨིན་པས།
ཀུན་གསལ་གྱིས་ ལོ་རྒྱུས་གོ་དོ་བཟུམ་འབད་བ་ཅིན གནད་དོན་དེ་ ཁོང་ར་ནང་འཁོད་ལུ་ བདེ་སྒྲིག་དང་ འདུམ་འགྲིགས་འབད་ནུག་ཟེར་ཨིན་པས།
ཨའི་གིས་སླབ་མིའི་ནང་ འཐུས་མི་དེ་གིས་ མོ་གི་བུམོ་ལུ་ གློག་རིག་ལེབ་ཊོབ་ཅིག་བྱིན་ཡི་ཟེར་ཨིནམ་ད་ འཐུས་མི་གིས་ ཀུན་གསལ་ལུ་ སླབ་དོ་བཟུམ་འབད་བ་ཅིན་ བུམོ་གི་བཟའ་ཚང་ལུ་ བྱིན་མི་གློག་རིག་ལེབ་ཊོབ་དེ་ རྙིངམ་ཐལ་མི་ཨིན་ཟེར་ཨིནམ་ད་ འདི་བཟུམ་བྱིན་མི་གིས་ རྩོད་དོན་དང་ འབྲེལ་བ་ག་ནི་ཡང་ མེད་ཟེར་ཨིན་པའི་ཁར་ ཁོ་གིས་ ད་རུང་ གོ་ལ་དང་ ཅ་ཆས་གཞན་གྱི་རིགས་ཚུ་ཡང་ ཁོང་བཟའ་ཚང་ཚུ་ལུ་ བྱིན་ནི་སྦེ་ སྡོད་ཅི་ཟེར་ཨིན་པའི་གནས་ཚུལ།
ཚེ་རིང་དབང་འདུས།

Advertisement