༉ རྒྱལ་གཞུང་རྩིས་ཞིབ་དབང་འཛིན་ལུ་ རྩིས་ལོ་༢༠༢༣-༢༤ ལོའི་ནང་ ཚུལ་མིན་ཡོངས་བསྡོམས་ དངུལ་ཀྲམ་ཐེར་འབུམ་༣.༩༦ དེ་ཅིག་འབད་ཡོད་པའི་ སྙན་ཞུ་ལྷོད་ནུག།
དེ་གི་གྲས་ལས་ བརྒྱ་ཆ་༥༨.༤༣ འཆར་དངུལ་མིན་པའི་ལས་སྡེ་དང་ བརྒྱ་ཆ་༤༡.༥༧ འཆར་དངུལ་ལས་སྡེ་ཚུ་གི་ཨིན་པས།
ཚུལ་མིན་ལོག་སྤྱོད་འབད་མི་ ཡོངས་བསྡོམས་ལས་ གཡོ་སྒྱུ་དང་ ངན་ལྷད་དངུལ་ཀྲམ་ས་ཡ་༡༥.༧༦ ཡོད་མི་དེ་ བརྒྱ་ཆ་༠.༤ ཨིནམ་ད་ ཁྲིམས་ལུགས་ བཅའ་ཡིག་དང་སྒྲིག་གཞི་ཚུ་ལུ་མ་གནས་མི་ དངུལ་ཀྲམ་ཐེར་འབུམ་༢.༢ དེ་ལས་ ཆད་སྐྱོན་དང་ ནོར་འཁྲུལ་གྱི་ཚུལ་མིན་ ལོག་སྤྱོད་འབད་མི་ དངུལ་ཀྲམ་ཐེར་འབུམ་༡.༧༣ ཡོདཔ་ཨིན་པས།
རྩིས་ལོ་༢༠༢༢-༢༣ ཕྱདཔ་ད་ ཚུལ་མིན་ལོག་སྤྱོད་འབད་བའི་ གནད་དོན་དེ་ དངུལ་ཀྲམ་ཐེར་འབུམ་༢.༨ དེ་ཅིག་ ཡར་འཕར་སོང་ཡོདཔ་ད་ རྩིས་ཞིབ་དབང་འཛིན་གྱི་ འགོ་དཔོན་ཚུ་དང་འཁྲིལ་བ་ཅིན་ ཡར་སེང་སོང་མི་དེ་ཡང་ ཀོ་བིཌ་-༡༩ གི་ཤུལ་ལས་ གོང་འཕེལ་གྱི་ ལས་སྣ་ཚུ་ འགོ་བཙུགས་མི་ལུ་བརྟེན་ འོང་ནི་མས་ཟེར་ཨིན་པས།
སྤྱིར་བཏང་ ཚུལ་མིན་ལོག་སྤྱོད་འབད་མི་དེ་ འདས་པའི་ལོ་༤ འི་ནང་འཁོད་ལུ་ མར་བབས་སོང་ཡོདཔ་ད་ རྩིས་ལོ་༢༠༢༠-༢༡ ལུ་ ཚུལ་མིན་ལོག་སྤྱོད་དེ་ དངུལ་ཀྲམ་ཐེར་འབུམ་༨ དང་ རྩིས་ལོ་༢༠༢༡-༢༡ ལུ་ དངུལ་ཀྲམ་ཐེར་འབུམ་༧.༥༢ ལུ་ མར་བབས་སོང་ནུག།
རྩིས་ཞིབ་སྤྱི་ཁྱབ་ བཀྲིས་ཀྱིས་ སླབ་མིའི་ནང་ སྤྱིར་བཏང་ ཚུལ་མིན་ལོག་སྤྱོད་འབད་མི་ མར་བབས་སོང་མི་ལུ་བལྟ་བ་ཅིན་ གཞུང་གི་ལམ་ལུགས་དང་ བཅའ་ཁྲིམས་ བཅའ་ཡིག་ དེ་ལས་ སྒྲིག་གཞི་ཚུ་ ཡར་དྲག་འགྱོ་བའི་ བརྡ་མཚོན་ཨིན་པའི་ཁར་ ཞི་གཡོག་ཚུ་གི་བར་ན་ དྲང་སྤྱོད་ཚུ་ ལྷན་ཐབས་འབད་དོ་བཟུམ་ཅིག་ཨིན་མས་ཟེར་ཨིན་པས།
རྩིས་ཞིབ་དབང་འཛིན་གྱི་ ལོ་བསྟར་སྙན་ཞུ་དང་འཁྲིལ་བ་ཅིན་ གཡོ་སྒྱུ་དང་ ངན་ལྷད་འོག་ལུ་ པདྨ་དགའ་ཚལ་རྫོང་ཁག་ནང་ ཚུལ་མིན་ལོག་སྤྱོད་འབད་མི་ དངུལ་ཀྲམ་ས་ཡ་༤.༧༣ འབད་མི་དེ་ མཐོ་ཤོས་ཅིག་ཨིནམ་ད་ དེ་གི་འོག་ལས་ར་ བསམ་རྩེ་རྫོང་ཁག་ལུ་ དངུལ་ཀྲམ་ས་ཡ་༣.༨༩ ཡོདཔ་ཨིན་པས།
ཁྲིམས་ལུགས་ བཅའ་ཡིག་དང་སྒྲིག་གཞི་ཚུ་ལུ་ མ་གནས་མི་འོག་ལུ་ ལས་སྡེ་ཚུ་གི་འཛིན་སྐྱོང་འཐབ་མི་གི་ བཅའ་ཁྲིམས་དང་ བཅའ་ཡིག་དང་ སྒྲིག་གཞི་ སྲིད་བྱུས་ ཚད་ལྡན་ལག་ལེན་བྱ་རིམ་ དེ་ལས་ གན་ཡིག་ཚུ་ལས་ འགལ་མི་ལུ་བརྟེན་བྱུང་མི་ ཚུལ་མིན་ཚུ་ཚུདཔ་ཨིན་པས།
ཁྲིམས་ལུགས་ བཅའ་ཡིག་དང་སྒྲིག་གཞི་ཚུ་ལུ་ མ་གནས་མི་ལུ་བརྟེན་ རྩིས་ལོ་༢༠༢༣-༢༤ ལོའི་ནང་ གཞི་རྟེན་མཁོ་ཆས་གོང་འཕེལ་ལས་ཁུངས་ནང་ དངུལ་ཀྲམ་ས་ཡ་༣༤༤ (བརྒྱ་ཆ་༡༥.༥༩) དང་ འབྲུག་ཚོང་འབྲེལ་ལས་འཛིན་ནང་ དངུལ་ཀྲམ་ས་ཡ་༣༢༨.༧ (བརྒྱ་ཆ་༡༤.༨༨) བྱུང་མི་དེ་ མཐོ་ཤོས་ཅིག་ཨིན་པས།
ཆད་སྐྱོན་དང་ ནོར་འཁྲུལ་འོག་ གནོད་སྐྱོན་ནང་ མཉམ་འབྲེལ་མེད་མི་དང་ རྒྱུ་ཆས་འཛིན་སྐྱོང་ཀྱི་གནད་དོན་ དེ་ལས་ ཚད་དམ་མེད་པའི་ལས་སོད་ དཔེར་ན་ དུས་མཐུན་ཡིག་ཆ་མ་བཏོན་མི་ མི་མང་རྒྱུ་ཆས་མེདཔ་བཏང་ཡོད་མི་ སྐྱོན་ཅན་གྱི་ལཱ་ ངོས་ལེན་འབད་ཡོད་མི་དང་ བཀག་ཚུགས་པའི་ ཟད་འགྲོ་ཚུ་ལས་བྱུང་པའི་ ནོར་བ་ཚུ་ཚུདཔ་ཨིན་པས།
ཆད་སྐྱོན་དང་ ནོར་འཁྲུལ་ཚུ་དང་འབྲེལ་བའི་ ཚུལ་མིན་གྱི་འོག་ལུ་ དངུལ་ཀྲམ་ཐེར་འབུམ་༡.༧༤ ངོས་འཛིན་བྱུང་སྟེ་ ཡོད་མི་ལས་ སྤུ་ན་གཙང་ཆུ་གློག་མེ་ལས་འགུལ་དབང་འཛིན་༢ པའི་ནང་ དངུལ་ཀྲམ་ས་ཡ་༥༥༡.༣༤༤ (བརྒྱ་ཆ་ ༣༡.༧༥) དང་ རྒྱལ་ཁམས་ས་གཏེར་ལས་འཛིན་ཚད་ནང་ དངུལ་ཀྲམ་ས་ཡ་༤༩༧.༡༧༧ (བརྒྱ་ཆ་༢༨.༦༣) ཡོདཔ་ཨིན་པས།
དམ་འཛིན་གྱི་ ཐབས་ལམ་ཚུ་གི་ འཇོན་ཚད་དང་ དོན་སྨིན་ཚུ་ ལས་སྡེ་ཚུ་གི་ནང་འཁོད་ལུ་ འགོ་འདྲེན་འཐབ་མི་ ལས་སྣ་ཚུ་གི ལྟ་རྟོག་དང ་ལྟ་བཀོད་ཚུ་ལུ་རག་ལས་དོ་ཡོདཔ་ད་ རྒྱལ་གཞུང་རྩིས་ཞིབ་དབང་འཛིན་གྱིས་ རྒྱལ་ཁབ་ནང་ འགན་འཁྲི་དང་ གཞུང་སྐྱོང་ དེ་ལས་ མི་མང་དངུལ་འབྲེལ་འཛིན་སྐྱོང་ ཡར་དྲག་གཏང་ནིའི་དོན་ལུ་ གྲོས་འདེབས་༧ ཕུལ་ཡོདཔ་ཨིན་པས།
དབང་འཛིན་གྱིས་ གཞུང་གིས་ སྤུས་ཚད་དང་ལྡན་པའི་ བཟོ་སྐྲུན་ལུ་གཙོ་བོར་བཏོན་དགོ་པའི་ གྲོས་འདེབས་བཀོད་ཡོདཔ་ཨིན་པས།
དབང་འཛིན་གྱིས་ རྩིས་ལོ་༢༠༢༣-༢༠༢༤ ནང་ དངུལ་འཐེབ་ཡོངས་བསྡོམས་ དངུལ་ཀྲམ་ས་ཡ་༨༦༠.༩༩༤ མི་མང་མཁོ་གྲུབ་ཀྱི་ ལཱ་ཚུ་ལས་ བཟོ་སྐྲུན་གྱི་ལཱ་ལུ་ དངུལ་འཐེབ་སྤྲོད་དེ་ཡོད་པའི་ སྙན་ཞུ་འབད་དེ་ཡོདཔ་ཨིན་པས།
དེ་འབདཝ་ལས་ གཞུང་གིས་ མི་མང་མཁོ་སྒྲུབ་ནང་ དངུལ་འཐེབ་སྤྲོད་ནི་ཚུ་ མར་ཕབ་འབད་ནིའི་དོན་ལུ་ ཐབས་ཤེས་སྒྲིང་སྒྲི་དང་ ཐབས་ལམ་དམ་དམ་ བཏོན་དགོཔ་སྦེ་ དབང་འཛིན་གྱིས་ གྲོས་འདེབས་བཀོད་ནུག།
རྩིས་ཞིབ་སྤྱི་ཁྱབ་ བཀྲིས་ཀྱིས་ སླབ་མིའི་ནང་ དངུལ་འཐེབ་སྤྲོད་མི་དང་འབྲེལ་བའི་ གནད་དོན་དེ་ ལོ་བསྟར་བཞིན་དུ་ ཐོན་བཞིན་ཡོདཔ་ད་ ད་རེས་ དབང་འཛིན་གྱིས་ ལས་སྡེ་ཚུ་ལུ་ དངུལ་འཐེབ་སྤྲོད་མི་ཚུ་ ལོག་ལེན་ནི་དང་ འབྲེལ་ཡོད་འགོ་དཔོན་ཚུ་ལུ་ དང་ལེན་འབད་དགོཔ་སྦེ་ སླབ་སྟེ་ཡོད་ཟེར་ཨིན་པས།
གཞུང་གིས་ དཔལ་འབྱོར་གློ་བུར་འཆར་གཞི་ནང་ སོ་ནམ་ཞིང་ལམ་བདའ་སྟེ ཇི་ཨེས་བི་གཏང་ནི་དེ གཙོ་རིམ་ཅན་གྱི་ ལས་སྣ་ཅིག་སྦེ་ ངོས་འཛིན་འབད་ཐོག་ལས་ འཆར་གཞི་༡༢ པའི་ནང་ དངུལ་ཀྲམ་ཐེར་འབུམ་༥.༥༣ དེ་ཅིག་ ཟད་འགྲོ་བཏང་སྟེ་ ཡོདཔ་ཨིན་པས།
དེ་བཟུམ་སྦེ་ འཆར་གཞི་༡༣ པའི་ནང་ཡང་ འཕྲོ་མཐུད་དེ་ར་ གྲོང་གསེབ་མི་སྡེ་ཚུ་ལུ་ ཚོང་འབྲེལ་དོན་ལས་ སོ་ནམ་ཞིང་ལམ་ ཡར་དྲག་གཏང་ནིའི་དོན་ལུ་ མ་དངུལ་ཟད་འགྲོ་ སྦོམ་གཏང་ནི་ཨིན་པས།
ལོ་ངོ་མང་རབས་ཅིག་གི་རིང་ སོ་ནམ་ཞིང་ལམ་ཚུ་ནང་ ཇི་ཨེསི་བི་གི་ ལཱ་དང་འབྲེལ་བའི་ རྩིས་ཞིབ་ཀྱི་བརྟགཞིབ་ གནད་དོན་ ཁག་མ་འདྲཝ་ཚུ་ ལེ་ཤ་བྱུང་སྟེ་ཡོདཔ་ལས་ དབང་འཛིན་གྱིས་ སོ་ནམ་ཞིང་ལམ་ཚུ་གི་ལཱ་ནང་ ཇི་ཨེས་བི་གཏང་ནི་ནང་ གསལ་བཀོད་ལུ་ དམ་དམ་སྦེ་གནས་དགོཔ་སྦེ་ གྲོས་འདེབས་བཀོད་དེ་ ཡོདཔ་ཨིན་པས།
དེ་བཟུམ་སྦེ་ དབང་འཛིན་གྱིས་ གཞུང་ས་གླ་ཁར་གཏང་ནི་གི་ བདག་སྐྱོང་སྒྲིང་སྒྲི་བཟོ་དགོཔ་སྦེ་ གྲོས་འདེབས་བཀོད་དེ་ཡོདཔ་ད་ གཞུང་དང་མི་མང་ལས་སྡེ་ཚུ་ནང་ ཆུད་ཟད་ཅན་གྱི་ ཟད་འགྲོ་བཏང་མི་གནད་དོན་ཚུ་ བསལ་དགོ་པའི་ གྲོས་འདེབས་བཀོད་ནུག།
དབང་འཛིན་གྱི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ཆུད་ཟད་ཅན་གྱི་ཟད་འགྲོ་ཚུ་ སྤྱིར་བཏང་མི་མང་གི་ཐོན་སྐྱེད་ཚུ་ འཇོན་ཐངས་ཅན་སྦེ་ ལག་ལེན་མ་འཐབ་མི་དང་ ཟད་འགྲོ་ཚུ་ དགོས་མཁོ་མེད་པར་གཏང་ཡོད་མི་ལས་ བརྟེན་ཏེ་ བྱུང་དོ་ཡོདཔ་ཨིན་པས།
འདས་པའི་ལོ་༣ གྱི་རིང་ གཞུང་གིས་ ལྷན་ཁག་བཅུ་ཐམ་དང་ དངོན་མཐོ་ཁྲིམས་ཀྱི་འདུན་ས་ རྒྱལ་ཡོངས་ཚོགས་འདུ་དང་ རྒྱལ་ཡོངས་ཚོགས་སྡེ་ དེ་ལས་ བློན་ཆེན་དང་ ལྷན་རྒྱས་གཞུང་ཚོགས་ཡིག་ཚང་ཚུ་ནང་ མགྲོན་སྐྱོང་དང་ སྤྲོ་སྟོན་ཟད་འགྲོ་རྐྱངམ་གཅིག་ལུ་ དངུལ་ཀྲམ་ས་ཡ་༩༡.༨༠༦ བཏང་ཡོདཔ་ཨིན་པས།
དེ་མ་ཚད་ ལས་སྡེ་དེ་ཚུ་གིས་ རང་དབང་ཐག་བཅད་ཀྱི་ གནང་བྱིན་གྱི་ཐད་དུ་ དངུལ་ཀྲམ་ས་ཡ་༣༥.༢༢༧ ཟད་འགྲོ་བཏང་ཡོདཔ་ཨིན་པས།
རྩིས་ཞིབ་སྤྱི་ཁྱབ་ཀྱིས་ སླབ་མིའི་ནང་ འཕྲལ་ཁམས་ཅིག་གི་ དངུལ་ཕོགས་བསྐྱར་ཞིབ་གསརཔ་བཟོ་ཡོད་མི་དང་འབྲེལ་ རང་དབང་ཐག་བཅད་ཀྱི་གནང་བྱིན་དེ་ ཟླཝ་རེ་ནང་ ཚད་གཞི་བཟོ་སྟེ་ ཟླ་རིམ་གྱི་དངུལ་ཕོགས་དང་གཅིག་ཁར་ སྤྲོད་མི་གིས་ ཁྱད་པར་ཆགས་ཅི་ཟེར་ཨིན་པས།
རང་དབང་ཐག་བཅད་ཀྱི་ གནང་བྱིན་དེ་གི་འོག་ལུ་ དམིགས་བསལ་གྱི་ ཟད་འགྲོ་གི་ཁྱད་ཚད་ ག་ནི་ཡང་མེད་མི་ལུ་བརྟེན་དང་ དེ་ཡང་ ཟད་འགྲོ་ཚུ རང་དབང་ཐག་བཅད་ཨིན་མེན་ག་ར་ མགྲོན་སྐྱོང་དང་ སྤྲོ་སྟོན་གྱི་ ཟད་འགྲོ་ལས་ སྤྲོད་དོ་ཡོདཔ་ལས་ མ་དངུལ་ཐོབ་ཡོད་མི་ལུ་ འོང་འབབ་ཁ་སྐོང་ལུ་ འགྱུརཝ་ཡོདཔ་ཨིན་ཟེར་ བཀྲིས་ཀྱིས་ བཤདཔ་ཨིན་པས།
ལྷན་རྒྱས་གཞུང་ཚོགས་ཀྱི་ བློན་པོ་དང་ དེ་དང་འདྲ་མཉམ་གྱི་ གོ་གནས་འཆང་མི་ཚུ་གི་དོན་ལུ་ མགྲོན་སྐྱོང་དང་ སྤྲོ་ སྟོན་གྱི་ ཟད་འགྲོ་ཐོབ་ཚད་དངུལ་ཀྲམ་ས་ཡ་༡.༥ བཟོ་ཡོད་མི་དེ་ མ་དངུལ་ཁ་སྐོང་ དུས་རྒྱུན་དུ་ར་ ངོས་ལེན་མེད་པར་ བྱིན་དོ་ཡོདཔ་ལས་ ལུགས་མཐུན་བཟོ་ནིའི་དོན་ལུ་རྐྱངམ་གཅིག་ བཟོ་ཡོདཔ་བཟུམ་ཅིག་མཐོང་ཡོདཔ་ཨིན་པས།
སྤྱི་ལོ་༢༠༢༢-༢༣ གྱི་རིང་ སྤྱིར་བཏང་ མགྲོན་སྐྱོང་དང་ སྤྲོ་སྟོན་གྱི་ཟད་འགྲོ་གི་ འཆར་དངུལ་དེ་ དངུལ་ཀྲམ་ས་ཡ་༡༨.༥༠༠ (འཆར་དངུལ་) ལས་ དངུལ་ཀྲམ་ས་ཡ་༨༢.༧༡༠ (ངོ་མ) ལུ་ བསྐྱར་ཞིབ་འབད་ཡོདཔ་ཨིན་པས།
རང་དབང་ཐག་བཅད་ཀྱི་ གནང་བྱིན་དེ་ རྒྱབ་སྐྱོར་འབད་ནིའི་དོན་ལུ་ དཔྱད་ཡིག་དང་ ཡིག་ཆ་ཚུ་ བཏོན་དགོ་པའི་ འགན་ཁུར་མེདཔ་ལས་ མ་དངུལ་ལག་ལེན་འཐབ་མི་ནང་ དྭངས་གསལ་མེདཔ་མ་ཚད་ རང་དབང་ཐག་བཅད་ཀྱི་གནང་བྱིན་ལས་ ཐོབ་ཚུགས་པའི་ ཟད་འགྲོ་ཚུ་ཡང་ མགྲོན་སྐྱོང་དང་ སྤྲོ་སྟོན་གྱི་ཟད་འགྲོ་ལས་ བཏང་དོ་ཡོདཔ་ཨིན་མས།
དབང་འཛིན་གྱིས་ རྩིས་ལོ་༢༠༢༣-༢༤ ལུ་ རྩིས་ཞིབ་རྐྱབ་ཐོག་ལས་ ཡོངས་བསྡོམས་དངུལ་ཀྲམ་ས་ཡ་༤༠༥.༣༠༤ བསྐྱར་རྙེད་འབད་ ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

Advertisement