༉ འདས་པའི་ལོ་༥ འི་ནང་འཁོད་ལུ་ ཨམ་སྲུའི་ཆ་བཞག་དང་ལྕོགས་གྲུབ་ཡར་སྐྱེད་ལས་སྡེ་གིས་ གནད་དོན་༢,༥༣༦ ཐོ་བཀོད་འབད་ཡོདཔ་ཨིན་པས།
དེ་ཡང་ འདོད་སྤྱོད་དང་ སེམས་ཚོར་དྲག་པོ་ དཔལ་འབྱོར་ལོག་སྤྱོད་ ནང་འཁོད་རྩུབ་སྤྱོད་ དེ་ལས་ ཕོ་མོའི་རྩུབ་སྤྱོད་དང་འབྲེལ་བའི་ གནད་དོན་ཚུ་ཨིན་པས།
གནད་དོན་༤༠ ནག་ཚོང་ནང་གྲལ་གཏོགས་དང་ གནད་དོན་༧ དོ་དམ་ནང་ ཨ་ལུ་བཞག་མི་ཚུ་ཨིན་པས།
ལོ་དེ་ཚུ་ནང་ སེམས་ཚོར་དྲག་པོ་༡,༡༠༥ ཐོན་མི་དེ་ གནད་དོན་མཐོ་ཤོས་ཅིག་ཨིནམ་ད་ དེ་གི་འོག་ལས་ར་ ལོག་སྤྱོད་དང་འབྲེལ་བའི་གནད་དོན་༤༤༠ དཔལ་འབྱོར་ལོག་སྤྱོད་༢༩༥ དེ་ལས་ འདོད་སྤྱོད་ཀྱི་ གནད་དོན་༧༨ ཡོདཔ་ཨིན་པས།
ཨམ་སྲུའི་ཆ་བཞག་དང་ལྕོགས་གྲུབ་ཡར་སྐྱེད་ལས་སྡེའི་ བསླབ་སྟོན་པ་གོངམ་ བསོད་ནམས་བཟང་མོ་གིས་ སླབ་མིའི་ནང་ སེམས་ཚོར་དྲག་པོའི་གནད་དོན་ནང་ དངོས་བསྟར་མིན་པའི་བྱ་སྤྱོད་ བང་བཙོང་དང་ སྡུག་སྦྱོང་ ལོག་སྤྱོད་ དེ་ལས་ ངག་ཐོག་ལོག་སྤྱོད་དང་ དཔལ་འབྱོར་ལོག་སྤྱོད་ནང་ མཉམ་རོགས་ཚུ་ ཏི་རུ་ཐོབ་སྤྱོད་མེད་མི་ཚུ་ ཚུད་དོ་ཡོདཔ་ཨིན་པས།
ཨམ་སྲུའི་ཆ་བཞག་དང་ལྕོགས་གྲུབ་ཡར་སྐྱེད་ལས་སྡེ་གིས་ སྤྱི་ལོ་༢༠༢༣ ལུ་ ལོག་སྤྱོད་དང་ རྩུབ་སྤྱོད་གནད་དོན་༧༨༨ ཐོ་བཀོད་འབད་མི་དེ་ འདས་པའི་ལོ་༥ འི་ནང་འཁོད་ལུ་ མཐོ་ཤོས་ཅིག་ཨིན་པས།
དངོས་བསྟར་ལོག་སྤྱོད་དེ་ སྤྱི་ལོ་༢༠༢༣ ལུ་ གནད་དོན་༡༣༢ ལས་ སྤྱི་ལོ་༢༠༢༤ ལུ་ གནད་དོན་༡༠༢ ལུ་ མར་བབས་སོང་ཡོད་རུང་ སྤྱི་ལོ་༢༠༢༠ ལུ་ འདོད་སྤྱོད་དང་འབྲེལ་བའི་ ལོག་སྤྱོད་ཀྱི་གནད་དོན་༣ ལས་ སྤྱི་ལོ་༢༠༢༤ ལུ་ གནད་དོན་༣༦ ལུ་ ཡར་འཕར་སོང་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ སེམས་ཚོར་དྲག་པོའི་གནད་དོན་དེ་ སྤྱི་ལོ་༢༠༢༠ ལུ་༡༤༧ ཐོ་བཀོད་འབད་མི་ལས་ སྤྱི་ལོ་༢༠༢༤ ལུ་༣༩༢ ལུ་ ཡར་སེང་སོང་ཡོདཔ་ད་ དཔལ་འབྱོར་དང་འབྲེལ་བའི་རྩུབ་སྤྱོད་གནད་དོན་དེ་ སྤྱི་ལོ་༢༠༢༡ ལུ་ གནད་དོན་༡༤༦ ལས་ སྤྱི་ལོ་༢༠༢༤ ལུ་༥༣ ལུ་ མར་བབས་སོང་ཡོདཔ་ཨིན་པས།
སྤྱི་ལོ་༢༠༢༣ ལུ་ ནང་འཁོད་རྩུབ་སྤྱོད་མེད་མི་དང་ ཕོ་མོའི་རྩུབ་སྤྱོད་ གནད་དོན་༢༡༦ ཐོན་ཡོདཔ་ཨིན་པས།
རྒྱལ་ཡོངས་གསོ་བའི་བརྟག་ཞིབ་སྙན་ཞུ་༢༠༢༣ ཅན་མ་དང་འཁྲིལ་བ་ཅིན་ ཨམ་སྲུ་ལོ་ཚད་༥༥-༥༩ འི་བར་ན་འབད་མི་ བརྒྱ་ཆ་༤༥.༥ དང་ སྐྱེས་ལོ་༦༠-༦༤ འབད་མི་ ཨམ་སྲུ་བརྒྱ་ཆ་༤༦.༨ དེ་ཅིག་ལུ་ རྩུབ་སྤྱོད་འབད་ཡོདཔ་སྦེ་ བཀོད་དེ་ཡོདཔ་ཨིན་པས།
ཁྲོམ་སྡེ་དང་ཕྱདཔ་ད་ གྲོང་གསེབ་ནང་ཡོད་པའི་ ཨམ་སྲུ་ཚུ་ལུ་ རྩུབ་སྤྱོད་འབད་མི་ མཐོ་ཤོས་ཡོདཔ་བཞིན་དུ་ ཁྲོམ་སྡེའི་ནང་ བརྒྱ་ཆ་༤༠.༥ དང་ གྲོང་གསེབ་ནང་ བརྒྱ་ཆ་༥༤.༩ ཡོདཔ་ཨིན་པས།
ཤེས་ཡོན་གྱི་ ཁྱད་པར་བཟོ་དོ་ཡོདཔ་ད་ གཞི་རྟེན་ཤེས་ཡོན་མེད་མི་ ཨམ་སྲུ་བརྒྱ་ཆ་༤༧.༧ ལུ་ རྩུབ་སྤྱོད་འབད་ཡོདཔ་ད་ གཙུག་ལག་གཞི་རིམ་ཤེས་ཡོན་ཡོད་མི་ཚུ་ བརྒྱ་ཆ་༣༢.༨ ཡོདཔ་ཨིན་པས།
རྩུབ་སྤྱོད་དམའ་ཤོས་ ཌིབ་ལོ་མ་དང་ ཡང་ཅིན་ ལག་ཁྱེར་ཡོད་མི་ ཨམ་སྲུ་བརྒྱ་ཆ་༢༡.༤ ཡོདཔ་ཨིན་པས།
ཞིབ་འཚོལ་ནང་ འོང་འབབ་དམའ་ཤོས་འབད་མི་ ཨམ་སྲུ་ཚུ་གིས་ རྩུབ་སྤྱོད་ལུ་ ངོས་ལེན་འབད་ནི་གི་ འོས་འབབ་ཡོདཔ་སྦེ་ མཐོང་ཡོདཔ་ཨིན་པས།
སྤྱི་ལོ་༢༠༢༤ ལུ་ ཨམ་སྲུའི་ཆ་བཞག་དང་ལྕོགས་གྲུབ་ཡར་སྐྱེད་ལས་སྡེ་ནང་འོང་སྟེ་ སྙན་ཞུ་འབད་མི་༡༣ ཐོ་བཀོད་འབད་མི་ལས་ མཚན་མ་གཅིག་འབྲེལ་དང་ མཚན་མ་གཅིག་དགའ་ ཕོ་མེན་མོ་མེན་ ཕོ་སྐྱེས་ཀྱིས་བུམོ་བཟོ་མི་ དེ་ལས་ མ་འདྲཝ་(ཨེལ་ཇི་བི་ཊི་ཀིའུ་-པ་ལཱསི་)གི་ མི་སྡེའི་འཐུས་མི་༣ དང་ དབང་པོ་སྐྱོན་ཅན་༡༠ ཡོདཔ་ཨིན་པས།
དེ་ཡང་ ལོ་༥ འི་རིང་ ཨམ་སྲུའི་ཆ་བཞག་དང་ལྕོགས་གྲུབ་ཡར་སྐྱེད་ལས་སྡེ་གིས་ མི་ངོ་མ་འདྲཝ་ཚུ་ལས་ གནད་དོན་ཐོ་བཀོད་འབད་མི་དེ་ འགོ་དང་པ་ཨིན་པའི་གནས་ཚུལ།
ཨོ་རྒྱན་རྡོ་རྗེ།