༉ ཞི་བའི་ལཱ་ཚུ་ ཁག་འབགཔ་ལུ་སྤྲོད་པའི་ཤུལ་ལས་ འཕྲལ་མགྱོགས་ར་ གོ་རིམ་༢ པའི་ གློག་མེ་ལས་འགུལ་ཆུང་བ་༤ གི་ བཟོ་སྐྲུན་ལཱ་ཚུ་ འགོ་བཙུགས་ནི་ཨིན་པས།
གློག་མེ་ལས་འགུལ་༤ ལུ་ གློག་ཤུགས་མེ་ག་ཝཱཊ་བསྡོམས་༡༩༥ ཡོདཔ་ཨིན་པས།
གོ་རིམ་༢ པའི་ ལས་འགུལ་ནང་ མེ་ག་ཝཱཊ་༩༠ འབད་མི་ ཇོ་མོ་རི་དང་ མེ་ག་ཝཱཊ་༥༤ འབད་མི་ གོ་རིམ་དང་པ་ མེ་ག་ཝཱཊ་༢༦ འབད་མི་ འབྲུག་བིན་དུ་དང་པ་དང་༢ པ་ དེ་ལས་ མེ་ག་ཝཱཊ་༢༥ འབད་མི་ བོད་སྒར་ནང་ གློག་མེ་ལས་འགུལ་ཚུ་ ཚུདཔ་ཨིན་པས།
སྤྱི་ཟླ་༡༢ པའི་ཚེས་༥ ལུ་ གོ་རིམ་དང་པ་དང་ འབྲུག་བིན་དུ་དང་པ་དང་༢ པའི་ ལས་འགུལ་ཚུ་གི་ ཞི་བའི་ལཱ་ གཙོ་ཅན་གྱི་ རིན་བསྡུར་ཡི་གུ་ཚུ་ གསལ་བསྒྲགས་འབད་ཡོདཔ་ཨིན་པས།
སྤྱི་ཟླ་༡༢ པའི་ཚེས་༢༣ ལུ་ འབྲུག་ནུས་ཤུགས་ཚད་འཛིན་གྱིས་ ཞི་བའི་ལཱ་ཐོབ་མི་གི་ ཁག་འབགཔ་ཚུ་དང་ གན་ཡིག་གུ་ མཚན་རྟགས་བཀོད་ཡོདཔ་བཞིན་དུ་ འབྲུག་ནུས་ཤུགས་ཚན་འཛིན་གྱི་ བཀོད་ཚོགས་ཀྱིས་ཡང་ ཁག་འབག་དེ་ གཞུང་འབྲེལ་ཐོག་ལས་ ཆ་འཇོག་འབད་ཡོདཔ་ཨིན་པས།
གློག་མེ་ལས་འགུལ་ཚུ་ཡང་ འབྲུག་སླར་འབྱུང་གློག་མེ་ལས་འཛིན་འོག་གི་ འབྲུག་ནུས་ཤུགས་ཚད་འཛིན་གྱིས་ ལག་ལེན་འཐབ་དོ་ཡོདཔ་ད་ འབྲུག་ནུས་ཤུགས་ཚད་འཛིན་གྱི་ འགོ་དཔོན་ཅིག་གིས་ སླབ་མིའི་ནང་ ལས་འགུལ་གྱི་ལཱ་ཚུ་ དེ་འཕྲོ་ལས་ འགོ་བཙུགས་འོང་ཟེར་ཨིན་པས།
མེ་ག་ཝཱཊ་༩༠ འབད་མི་ ཇོ་མོ་རི་གློག་མེ་ལས་འགུལ་དེ་ ཞི་བའི་ལཱ་གཙོ་ཅན་ཚུ་ ཁག་འབགཔ་གནས་གོང་ དངུལ་ཀྲམ་ཐེར་འབུམ་༣.༥༥༦ ཐོག་ལུ་ གོ་རིམ་༢ བཟོ་སྟེ་ ཁག་འབགཔ་ལུ་ བྱིན་ནི་ཨིན་པས།
གོ་རིམ་དང་པའི་ ཆུ་བྱག་ཌེམ་དང་ ཆུ་འབྲེལ་རྒྱུན་ལམ་ལུགས་ཆ་ཤས་རྐྱབ་ནི་གི་ ལཱ་ཚུ་ཡང་ རིག་གསར་ཁག་འབག་ལུ་ བྱིན་ཏེ་ཡོདཔ་ཨིན་པས།
འགོ་དཔོན་ཚུ་གིས་ སླབ་མིའི་ནང་ གོ་རིམ་༢ པའི་ གློག་མེ་ཁང་དང་ ཆུ་འབྲེལ་རྒྱུན་ལམ་ལུགས་ཚད་མཉམ་རྐྱབ་ནི་ ལཱ་ཚུ་ འབྲུག་བཟོ་སྐྲུན་གོང་འཕེལ་ལས་འཛིན་ལུ་ བགོ་བཀྲམ་འབད་དེ་ ཡོད་ཟེར་ཨིན་པས།
དེ་བཟུམ་སྦེ་ མེ་ག་ཝཱཊ་༥༤ འབད་མི་ གམ་རི་ཆུ་དང་པའི་ ཞི་བའི་ལཱ་ གཙོ་ཅན་ཚུ་ཡང་ ཁག་འབགཔ་གནས་གོང་ དངུལ་ཀྲམ་ཐེར་འབུམ་༢.༦༧༥ ཐོག་ལུ་ གོ་རིམ་༢ བཟོ་སྟེ་ ཁག་འབགཔ་ཚུ་ལུ་ བྱིན་ནི་ཨིན་པས།
གམ་རི་ལས་འགུལ་གྱི་ ལས་སྣ་གཙོ་ཅན་ཚུ་ བཱཇ་ར་ལས་སྡེ་དང་ བ་མུག་པ་རོང་ཆུ་གི་ ལས་སྣ་ཆ་ཤས་ཚུ་ འཆི་མེད་ཨར་ཌི་བཟོ་སྐྲུན་ལུ་ བྱིན་ཡོདཔ་ཨིན་པས།
མེ་ག་ཝཱཊ་༢༦ འབད་མི་ འབྲུག་བིན་དུ་གློག་མེ་ལས་འགུལ་དང་པ་༢ པའི་ ལས་སྣ་གཙོ་ཅན་ཚུ་ གོང་ཚད་དངུལ་ཀྲམ་ས་ཡ་༧༢༣ ཐོག་ལུ་ དཔལ་འབྱོར་བཟོ་སྐྲུན་ལས་སྡེ་ལུ་ བྱིན་ཡོདཔ་ཨིན་པས།
ལས་འགུལ་༣ གྱི་ ཞི་བའི་ཁག་འབག་གོང་ཚད་བསྡོམས་ དངུལ་ཀྲམ་ཐེར་འབུམ་༧.༩༥༥ གནས་ནི་ཨིན་པས།
གློག་མེ་ལས་འགུལ་ཆུང་བའི་ གོ་རིམ་༢ པའི་དོན་ལུ་ འཆར་དངུལ་ཡོངས་བསྡོམས་དེ་ དངུལ་ཀྲམ་ཐེར་འབུམ་༢༠ གནས་ནི་གི་ ཕོག་ཚད་བཏོན་ཏེ་ ཡོདཔ་ཨིན་པས།
ཇོ་མོ་རི་དང་ འབྲུག་བིན་དུ་གློག་མེ་ལས་འགུལ་དང་པ་དང་༢ པའི་དོན་ལུ་ འཁོར་ལམ་སེལ་ནི་དེ་ཡང་ སྤྱི་ལོ་༢༠༢༣ ཟླ་༡༠ པ་ལས་ འགོ་བཙུགས་ཡོདཔ་བཞིན་དུ་ ལས་འགུལ་གྱི་ ལས་འགུལ་གྱི་ ཅ་ཆས་སྦོམ་ཚུ་ འབག་ཚུགས་ནི་ཨིནམ་ལས་ ཞི་བའི་ལཱ་གཙོ་ཅན་ཚུ་ འགོ་བཙུགས་ཚུགས་ནི་ཨིན་པས།
ཇོ་མོ་རི་དང་ འབྲུག་བིན་དུ་ལས་འགུལ་དང་པ་དང་༢ པ་གི་ མ་དོ་བར་ གམ་རི་དང་པ་དང་ བོད་སྒར་ན་ལས་འགུལ་༢ ནང་ འཁོར་ལམ་ཚུ་ ཧེ་མ་ལས་ཡོདཔ་ལས་ འཁོར་ལམ་གསརཔ་ བསལ་མི་དགོ་ནི་ཨིན་པས།
བོད་སྒར་གི་ གློག་མེ་ལས་འགུལ་ཆུང་བའི་དོན་ལུ་ རྟ་མགོ་དགོན་པའི་ཉེ་འདབས་དང་ རྡོ་གདན་ན་ ནང་པའི་མཐོ་རིམ་བཤད་གྲྭའི་ལྟག་ལུ་ ཆུ་རྒྱུན་འབྲེལ་ལམ་ལུགས་༢ ཀྱི་ རྒྱུན་བརྟན་ཁ་གསལ་དབྱེ་ཞིབ་དེ་ མཇུག་བསྡུ་ཡོདཔ་ཨིན་པས།
ད་རེས་ནངས་པ་ འབྲུག་སླར་འབྱུང་གློག་མེ་ལས་འཛིན་གཡིས་ ལས་འགུལ་གྱི་ལཱ་ཚུ་ འགོ་བཙུགས་ནིའི་དོན་ལས་ འབྲེལ་ཡོད་ལས་སྡེ་ཚུ་ གནང་བ་ཚུ་ ལེན་པའི་བསྒང་ཡོདཔ་ཨིན་པས།
མ་གཞི་ ལས་འགུལ་ག་ར་ དུས་ཅི་ སྤྱི་ཟླ་༡༠ པའི་ནང་ འགོ་བཙུགས་ནི་ ལས་འཆར་ཡོད་རུང་ གན་ཡིག་ཚུ་ ཐག་དཔྱད་འབད་ནི་ལུ་ ཕྱིས་མི་ལུ་བརྟེན་ དུས་ཚོད་ཁར་ འགོ་བཙུགས་མ་ཚུགསཔ་ཨིན་པས།
གོ་རིམ་༢ པའི་ ལས་འགུལ་དེ་ ལོ་༢ དང་ཕྱད་ལས་ ལོ་༤ ནང་འཁོད་ལུ་ མཇུག་བསྡུ་པའི་ རེ་བ་ཡོདཔ་ཨིན་པས།
འགོ་དཔོན་ཅིག་གིས་ སླབ་མིའི་ནང་ གློག་མེ་ལས་འགུལ་ཆུང་བ་རྐྱབ་ནི་གི་ གོ་རིམ་དང་པ་དེ་ མཐར་འཁྱོལ་ཅན་ཅིག་སྦེ་ འགོ་བཙུགས་ཡོདཔ་ད་ གོ་རིམ་༢ པ་དེ་གིས་ ལྷག་པར་དུ་ སྒེར་སྡེ་ཚུ་གི་ ལྕོགས་གྲུབ་གོང་འཕེལ་གཏང་ནི་ལུ་ ལྷན་ཐབས་འབད་ཚུགས་ནི་དང་ ཁག་འབགཔ་གསརཔ་༢ ལུ་ གོ་རིམ་༢ རྐྱབ་ནི་ལུ་ སླབ་སྟེ་ཡོད་ཟེར་ཨིན་པས།
འབྲུག་གིས་ རང་བཞིན་ནུས་ཤུགས་གོང་འཕེལ་གཏང་ནི་ལུ་ འཆར་གཞི་ཡོདཔ་བཞིན་དུ་ མ་འོངས་ལོ་༡༥ འི་ནང་འཁོད་ལུ་ ཁ་སྐོང་གློག་མེ་དང་ ཉི་དྲོད་ནུས་ཤུགས་མེ་ག་ཝཱཊ་༢༠,༠༠༠ ལུ་ ཡར་སེང་འབད་ནིའི་ དམིགས་གཏད་ཡོདཔ་ཨིན་པས།
འགོ་དཔོན་གྱིས་ སླབ་མའི་ནང་ ལས་འགུལ་དེ་ཚུ་ནང་ ནང་འཁོད་ཁག་འབགཔ་ཚུ་གིས་ མཐར་འཁྱོལ་འབྱུང་ཚུགས་པ་ཅིན་ མ་འོངས་པའི་ནང་ ལས་འགུལ་ཆུང་བ་དང་ སྦོམ་ དེ་ལས་ རྒྱ་ཁྱབ་ལས་འགུལ་ཚུ་ནང་ ལས་སྡེ་མངམ་གིས་ བཅའ་མར་གཏོགས་ནི་ལུ་ སེམས་ཤུགས་འཐོབ་ཚུགས་ཟེར་ཨིན་པས།
དེ་བཟུམ་སྦེ་ ཉི་དྲོད་གློག་མེ་ལས་འགུལ་ གོང་འཕེལ་གཏང་ནིའི་དོན་ལུ་ བཅའ་མར་གཏོགས་ནི་གི་ གོ་སྐབས་ཚུ་ཡང་ མགྱོགས་དྲགས་སྦེ་ ཡར་འཕར་སོང་སྟེ་ཡོད་ཟེར་ ཨིན་པའི་གནས་ཚུལ།
ཨོ་རྒྱན་རྡོ་རྗེ།