༉ འདས་པའི་བདུན་ཕྲག་ནང་ གཞུང་དང་ ཨིསི་ཊར་ལིངཀི་གི་ འཛམ་གླིང་ནང་ ཆོག་ཐམ་འཆང་མི་མདོ་ཆེན་ རི་བི་ཀ་ ཧཱན་ཊར་གྱི་བར་ན་ ཞལ་འཛོམས་ཅིག་ འཚོགས་པའི་ཤུལ་ལས་ འབྲུག་གཞུང་འཕྲུལ་རིག་ལས་སྡེ་གིས་ འབྲུག་ལུ་ ཨིསི་ཊར་ལིངཀི་ གཞི་བཙུགས་འབད་ནིའི་ འོས་འབབ་བརྟག་ཞིབ་འབད་དོ་ཡོདཔ་ཨིན་པས།
ཨིས་ཊར་ལིངཀི་དེ་ ཨིསི་ཊར་ལིངཀི་ཞབས་ཏོག་(ཨེལ་ཨེལ་སི་)གིས་ ལག་ལེན་འཐབ་མི་ འཕྲུལ་སྐར་ཨིན་ཊར་ནེཊ་གི་ འབྲེལ་མཐུན་བློ་ཚོགས་ཨིནམ་བཞིན་དུ་ ཨེ་མི་རི་ཀཱན་གནམ་སྟོང་ལས་སྡེ་ཅིག་ཨིན་པས།
འོས་འབབ་བརྟག་ཞིབ་འབད་མི་ འབྲུག་གཞུང་འཕྲུལ་རིག་ལས་སྡེའི་ གནས་ཚུལ་གསར་བཏོན་དང་འཁྲིལ་བ་ཅིན་ ཞིབ་རྟོགས་བྱུང་མི་ཚུ་ ལྷག་པར་དུ་ གྲོས་བསྟུན་དང་ འཆར་གཞི་གི་དོན་ལུ་ ལྷན་རྒྱས་གཞུང་ཚོགས་ལུ་ ཕུལ་འོང་ཟེར་ཨིན་པས།
འབྲུག་གཞུང་འཕྲུལ་རིག་གིས་ བཀོད་མིའི་ནང་ གྲོས་བསྟུན་དེ་ཡང་ ཨིསི་ཊར་ལིངཀི་འཕྲུལ་སྐར་འབྲེལ་མཐུན་བློ་ཚོགས་དང་ ལག་ལེན་འཐོན་འཛུལ་ རྒྱལ་ཁབ་གཞན་ལུ་ སྤུས་ཚད་ཞབས་ཏོག་ དེ་ལས་ འཛམ་གླིང་ཨིསི་ཊར་ལིངཀི་ཚོང་འབྲེལ་ཐབས་ལམ་ལུ་ གཙོ་རིམ་བཟུང་སྟེ་ གྲོས་བསྟུན་འབད་ཡོདཔ་ཨིན་པས།
གསལ་བསྒྲགས་དེ་ཡང་ འབྲུག་པའི་མི་སེར་ཚུ་ལུ་ ཨིན་ཊར་ནེཊ་གི་ ཟད་འགྲོ་ལྕིད་དྲགས་གནས་པའི་ གདོང་ལེན་བྱུང་པའི་ གནམ་དུས་ལུ་ བྱུང་ཡོདཔ་བཞིན་དུ་ དེ་གིས་ རྒྱལ་ཁབ་ནང་ ཨིན་ཊར་ནེཊ་དང་འབྲེལ་བའི་ ཚོང་འབྲེལ་ཡར་དྲག་གཏང་ནི་ལུ་ དཀའ་ངལ་བྱུངམ་ཨིན་པས།
བློན་ཆེན་ཚེ་རིང་སྟོབས་རྒྱས་དང་ འབྲུག་གཞུང་འཕྲུལ་རིག་ལས་སྡེའི་ འགོ་དཔོན་ཚུ་དང་ འབྲུག་བརྡ་དོན་དང་བརྒྱུད་འབྲེལ་དང་བརྡ་བརྒྱུད་དབང་འཛིན་ དེ་ལས་ འབྲུག་མི་སེར་རྒྱུ་ནོར་གཞི་བཟུང་གི་ འགོ་དཔོན་ཚུ་གིས་ ཨིསི་ཊར་ལིངཀི་གི་ མདོ་ཆེན་དང་ ཕྱད་ཡོདཔ་ཨིན་པས།
ཨིསི་ཊར་ལིངཀི་གིས་ ཨིན་ཊར་ནེཊ་གི་ཟད་འགྲོ་ མར་ཕབ་འགྱོ་བའི་ རེ་བ་ཡོདཔ་ད་ གལ་སྲིད་ བརྟག་ཞིབ་མཇུག་བསྡུ་བའི་སྐབས་ ཨིསི་ཊར་ལིངཀི་གིས་ རྒྱལ་ཁབ་ནང་ ཁེ་ཕན་ཡོདཔ་སྦེ་ ཞིབ་རྟོག་བྱུང་པ་ཅིན་ ལས་སྡེ་གིས་ གཞུང་ལས་ ཆོག་ཐམ་ལེན་ཏེ་ ཚད་འཛིན་གྱི་ བྱ་སྒོའི་ལམ་ལུགས་ཚུ་ མཇུག་བསྡུ་བའི་ཤུལ་ལས་ ལག་ལེན་འཐབ་ནི་ འགོ་བཙུགས་དགོཔ་ཨིན་པས།
ཞབས་ཏོག་འགོ་བཙུགས་ནིའི་དོན་ལུ་ གྲོས་འཆར་དེ་ གཞུང་ལས་འོང་ཡོདཔ་ལས་ ཆོག་ཐམ་དང་འབྲེལ་བའི་ བྱ་སྒོ་ཚུ་ འཇམ་ཏོང་ཏོ་ཅིག་ འོང་ནི་ཨིན་པས།
བཙག་འཐུའི་སྐབས་ མི་སེར་དམངས་གཙོ་ཚོགས་པའི་གཞུང་གིས་ བརྒྱུད་འཕྲིན་དང་འབྲེལ་བའི་སྤྱོད་འཐུས་ ཌ་ཊ་ཚུ་ བརྒྱ་ཆ་༥༠ཡང་ཅིན་ རྒྱ་གར་གྱི་ ཚད་གཞི་འདྲ་འདྲན་བཟོ་ནི་སྦེ་ ཁས་བླངས་འབད་ཡོདཔ་ཨིན་པས།
འཕྲལ་ཁམས་ཅིག་ཁར་ མཇུག་བསྡུ་མི་ སྤྱི་ཚོགས་ནང་ བློན་ཆེན་གྱིས་ དུས་ཅི་ ཁ་སླབ་དུས་ཚོད་དང་ ཌ་ཊ་འཐུས་མི་ དེ་ལས་ བརྒྱུད་འཕྲིན་གྱི་ ཟད་འགྲོ་མར་ཕབ་འབད་ནི་སྦེ་ གསལ་བསྒྲགས་འབད་ཡོདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ གལ་སྲིད་ བདེ་སྒྲིག་དང་ འཆར་གཞི་དང་འཁྲིལ་ཏེ་ མ་འགྱོ་བ་ཅིན་ གཞུང་གིས་ ཨིསི་ཊར་ལིངཐ་བརྩིས་ཏེ་ བརྒྱུད་ལམ་གསུམ་པ་སྦེ་ ཨིན་ཊར་ནེཊ་ལས་སྡེ་གསརཔ་ཅིག་ གཞི་བཙུགས་འབད་འོང་ཟེར་ཨིན་པས།
འབྲུག་ལུ་འོས་འབབ་ཁེ་ཕན།
མཁས་མཆོག་ཚུ་གིས་ ད་རེས་ རང་ལུགས་ཨིན་ཊར་ནེཊ་ཞབས་ཏོག་དང་ ཕའི་བར་ཨོབ་ཊི་ ཀེ་བཱལ་ཚུ་མེདཔ་ལས་ ཨིསི་ཊར་ལིངཐ་གིས་ རྒྱལ་ཁབ་ནང་ ཁེ་ཕན་སྦོམ་ བྱུང་ཚུགས་ཟེར་ཨིན་པས།
རྒྱལ་ཁབ་ནང་ ཕའི་བར་ཨོབ་ཊི་ཀེ་བཱལ་ཚུ་ བཙུགས་པའི་སྐབས་ གདོང་ལེན་བྱུང་པའི་ཁར་ ཟད་འགྲོ་ལྕིད་དྲགས་གནས་དོ་ཡོདཔ་ལས་ ཨིསི་ཊར་ལིངཐ་དེ་ འོས་འབབ་ལྡན་ཏོག་ཏོ་ཅིག་ འོང་ནི་ཨིན་པས།
ད་རེས་ནངས་པ་ གྲོང་གསེབ་ས་གོ་ མང་ཤོས་ཅིག་ནང་ རྒྱུན་གཏན་ཅན་གྱི་ ཨིན་ཊར་ནེཊ་ཞབས་ཏོག་ ལེགས་ཤོམ་ཅིག་མེདཔ་ད་ ཤེས་ཡོན་གྱི་གོ་སྐབས་དང་ དཔལ་འབྱོར་གོང་འཕེལ་ དེ་ལས་ གསོ་བ་དང་འབྲེལ་བའི་ ཞབས་ཏོག་ཚུ་ ཐོབ་ནི་ལུ་ ལཱ་ཁག་གཏང་དོ་ ཡོདཔ་ཨིན་པས།
ཨིན་ཊར་ནེཊ་ཞབས་ཏོག་མཐུད་འབྲེལ་ ཡར་དྲག་གཏང་མི་གིས་ འབྲུག་པའི་ཤེས་རིག་དེ་ རྒྱ་ཆེ་དྲགས་སྦེ་ར་ གོང་འཕེལ་གཏང་ཚུགས་ནི་ཨིན་པས།
ཀོ་བིཌ་-༡༩ ཐོན་པའི་སྐབས་ ཡོངས་འབྲེལ་ཐོག་ལས་ ལྷག་སྦྱང་འབད་བའི་སྐབས་ ཨིན་ཊར་ནེཊ་དེ་ རྒྱུན་གཏན་ཅིག་ དགོས་མཁོ་བྱུང་ཡོདཔ་ད་ ཨིསི་ཊར་ལིངཐ་ཞབས་ཏོག་གིས་ གྲོང་གསེབ་ཀྱི་ ས་གོ་ཚུ་ནང་ ཨིན་ཊར་ནེཊ་གི་ ཞབས་ཏོག་བྱིན་ཏེ་ སྤུས་ཚད་ལྡན་པའི་ ཤེས་ཡོན་ཐོན་སྐྱེད་ ཐོབ་ཚུགས་ནི་ཨིན་པས།
གསོ་བའི་ལས་སྡེ་ནང་འབད་བ་ཅིན་ ཨིསི་ཊར་ལིངཐ་གིས་ ཡོངས་འབྲེལ་ཐོག་ལས་ སྨན་བཅོས་ཞབས་ཏོག་ཚུ་བྱིན་ཏེ་ ནད་གཞི་ཚུ་ཡང་ བདའ་ཟུན་ཚུགས་ནི་ཨིན་པས།
མཁས་མཆོག་ཚུ་གིས་ སླབ་མིའི་ནང་ མཐུད་སྦྲེལ་ཞབས་ཏོག་གིས་ གསོ་བའི་ཁྱད་རིག་ཚུ་ལུ་ དུས་ཚོད་ཁར་ གསོ་བ་དང་འབྲེལ་བའི་ བསླབ་བྱ་ཚུ་བྱིན་ནི་དང་ སྨན་བཅོས་ཚུ་ བྱིན་ཚུགས་ནི་ དེ་མེན་ འགྲོ་འགྲུལ་འབད་དེ་ སྨན་ཁང་གི་ མཐུན་རྐྱེན་ཡོད་སར་ འོང་དགོཔ་འབྱུང་ནི་ཨིན་པས།
ཨིསི་ཊར་ལིངཀི་ལུ་བརྟེན་ ཡོངས་འབྲེལ་ཚོང་འབྲེལ་དང་ ཌི་ཇི་ཊར་ཚོང་འབྲེལ་གཞི་བཙུགས་ཐོག་ལས་ དཔལ་འབྱོར་ལུ་ ལྷན་ཐབས་བྱུང་ཚུགས་ནི་དང་ འབྲུག་གི་ ཚོང་འབྲེལ་ཆུང་བ་དང་ ཚོང་འབྲེལ་གཞི་བཙུགས་འབད་མི་ཚུ་ལུ་ རྒྱལ་སྤྱི་ཚོང་ལམ་ནང་ རང་སོའི་ཐོན་སྐྱེན་ཚུ་ འགྲེམ་སྟོན་འབད་ནི་དང་ རྒྱལ་ཁབ་ནང་ ལཱ་གཡོག་གི་ གོ་སྐབས་ལ་སོགས་པ་ཚུ་ བཟོ་ཚུགས་ནི་ཨིན་པས།
ཟད་འགྲོ་དང་ཉེས་ཁ།
ཨིསི་ཊར་ལིངཀི་ཞབས་ཏོག་ འགོ་བཙུགས་པའི་སྐབས་ ཟད་འགྲོ་མངམ་གནས་ནི་ཨིན་རུང་ མ་འོངས་པ་ལུ་ ཨིན་ཊར་ནེཊ་ ཞབས་ཏོག་མགྱོགས་དྲགས་འོང་ནི་དང་ ཁེ་ཕན་ཡོདཔ་ཨིན་པས།
མཁས་མཆོག་ཚུ་དང་འཁྲིལ་བ་ཅིན་ འབྲུག་པའི་མི་ཚུ་གིས་ ཞབས་ཏོག་ཚུ་ ཐོབ་ཚུགས་བཟོ་ཐབས་ལུ་ གཞུང་གིས་ ཕབ་ཆག་ ཡང་ཅིན་ མཉམ་འབྲེལ་ཐོག་ལས་ འབད་ནི་གི་ འོས་འབབ་ཚུ་ བལྟ་དགོ་ཟེར་ཨིན་པས།
དཔལ་འབྱོར་ཁེ་ཕན་ མཐུད་སྦྲེལ་ཡར་དྲག་ ལྟ་བཤལ་གོང་འཕེལ་དང་ ཤེས་རིག་གྲུབ་འབྲས་ལེགས་ཤོམ་ གསོ་བའི་ཞབས་ཏོག་ལྷན་ཐབས་ཚུ་གིས་ ཟད་འགྲོ་མར་ཕབ་འབད་ཚུགས་ནི་ཨིན་པས།
ཨིན་རུང་ ཨིསི་ཊར་ལིངཀི་ གཞི་བཙུགས་འབད་མི་གིས་ ད་ལྟོའི་ཚོང་འབྲེལ་འཐབ་སྡོད་པའི་བསྒང་ཡོད་མི་ འབྲུག་དང་ བཀྲིས་བརྒྱུད་འཕྲིན་ལུ་ འབྱེམ་ཕོག་ནི་ཨིན་པས།
ཞབས་ཏོག་ལེགས་ཤོམ་ཡོད་མི་ ཨིསི་ཊར་ལིངཐ་གིས་ ལག་ལེན་འཐབ་མི་ལུ མངམ་འོང་ནི་ལུ་ སེམས་ཤུགས་འཐོབ་ཚུགས་ནི་ཨིན་རུང་ ཚོང་ལམ་ལུ་ ཐོ་ཕོག་ནི་ཨིན་པས།
ཚན་རིག་དང་འཕྲུལ་རིག་མཐོ་རིམ་སློབ་གྲྭའི་ ལེགས་སྦྱར་བ་ཅིག་གིས་ སླབ་མིའི་ནང་ ད་ལྟོའི་ ཡོངས་འབྲེལ་གྱི་ ཞབས་ཏོག་བྱིན་མི་ཚུ་གིས་ ཡོངས་འབྲེལ་མགྱོགས་དྲགས་དང་ ཁོང་རའི་ ཚོང་ལམ་ལེགས་ཤོམ་བཞག་ཐབས་ལུ་ ཞབས་ཏོག་སྤུས་ཚད་ཀྱི་ དོ་འགྲན་འབད་དགོཔ་འོང་ཟེར་ ཨིན་པའི་གནས་ཚུལ།
ཨོ་རྒྱན་རྡོ་རྗེ།