༉ སྤྱི་ཟླ་༡༠ པའི་ཚེས་༡༣ ལུ་ འབྲུག་རྒྱལ་ཡོངས་གཟུགས་སྟོབས་དང་ གཟུགས་གཞི་འགྲན་བསྡུར་ཐེངས་༡༣ པའི་ནང་ སྐྱེས་ལོ་༣༢ ལང་མི་ འཕྲིན་ལས་དབང་རྒྱལ་རྡོ་རྗེ་གིས་ རྒྱལ་རྟགས་ཐོབ་ཡོདཔ་ཨིན་པས།
འཕྲིན་ལས་དབང་རྒྱལ་རྡོ་རྗེ་གིས་ ལོ་༩ གི་རྒྱབ་ལས་ དུས་ཅི་ རྒྱལ་ཡོངས་གཟུགས་སྟོབས་འགྲན་བསྡུར་ནང་ ལོག་སྟེ་བཅའ་མར་གཏོགས་ཡོདཔ་ཨིན་པས།
ཁོ་གིས་ ཕོ་སྐྱེས་ཀྱི་དབྱེ་སྡེ་ནང་ལས་ ཨང་དང་པའི་ རྟགས་མ་ཐོབ་ཡོདཔ་ད་ ཁོ་གི་འོག་ལས་ར་ མ་ཧ་ལཱལ་རའི་གིས་ ཨང་གཉིས་པ་དང་ བསོད་ནམས་ཕུན་ཚོགས་ཀྱིས་ ཨང་གསུམ་པ་ཐོན་ཡོདཔ་ཨིན་པས།
འཕྲིན་ལས་དབང་རྒྱལ་རྡོ་རྗེ་གིས་ བཤད་མིའི་ནང་ འགྲན་བསྡུར་ནང་ལས་ རྒྱལ་ཁ་ཐོབ་མི་དེ་ རང་གི་རེ་བ་གྲུབ་ཚུགས་པའི་ རྟགས་མཚན་ཨིན་ཟེར་ཨིནམ་ད་ དེ་ཡང་ ཁོ་ར་ ལཱ་རྩ་འགེངས་འབད་མི་དང་ སྒྲིག་དང་བསྟུན་ ཚུལ་ལྡན་མཐུན་ཐོག་ སྦྱང་བ་འབད་བའི་ གྲུབ་འབྲས་ཨིན་མས་ཟེར་ཨིན་པས།
དྲོ་པ་ཨ་རྟག་ར་ ཚ་གྱང་འབག་སྟེ་ ལཱ་འབད་བའི་གྲུབ་འབྲས་ཨིནམ་ལས་ ང་གིས་ རྒྱལ་ཁ་ཐོབ་མི་ལུ་ དཔའ་ཉམས་བསྐྱེད་ནི་མེན་པར་ རང་གིས་ རང་ལུ་བློ་བསྐུལ་འབད་དེ་ འབད་མི་གིས་ གྲུབ་འབྲས་ཚུ་བྱུངམ་མས་ཟེར་ ཁོ་གིས་བཤདཔ་ཨིན་པས།
ད་རེས་ འབྲུག་གཟུགས་སྟོབས་ཨང་དང་པ་ཐོབ་མི་ གསརཔ་ཐོན་ཡོདཔ་ད་ ཁོ་གིས་ མལ་དེབསི་ལུ་ སྤྱི་ཟླ་༡༡ པའི་ཚེས་༥ ལས་༡༡ ཚུན་གྱི་ འཛམ་གླིང་གཟུགས་སྟོབས་འགྲན་བསྡུར་ཐེངས་༡༥ པའི་ནང་ བཅའ་མར་གཏོགས་ནི་ཨིན་པས།
འཛམ་གླིང་གཟུགས་སྟོབས་འགྲན་བསྡུར་ནང་ ལུས་རྩལཔ་༥༠༠ དང་ རྒྱལ་ཁབ་༥༥ གི་ འགོ་དཔོན་ཚུ་གིས་ བཅའ་མར་གཏོགས་ནི་ཨིན་པས།
འཛམ་གླིང་གི་འགྲན་བསྡུར་དེ་ སྦོ་ལོགས་ཁར་ལྷོད་དོ་ཡོདཔ་ལས་ འཕྲིན་ལས་དབང་རྒྱལ་རྡོ་རྗེ་དེ་ རྟགས་མ་འཐོབ་ནིའི་དོན་ལུ་ འཕྲོ་མཐུད་དེ་ར་ སྦྱང་བ་ཚུ་འབད་བའི་བསྒང་ཨིན་པས།
འཕྲིན་ལས་དབང་རྒྱལ་རྡོ་རྗེ་དེ་ སྒོ་ནོར་ལས་ཁུངས་ནང་ ཞི་གཡོགཔ་སྦེ་ཕྱག་ཞུ་དོ་ཡོདཔ་ད་ ཁོ་གིས་ གཟུགས་སྟོབས་སྦྱོང་བརྡར་ནང་ སྤྱི་ལོ་༢༠༡༡ ལས་འགོ་བཙུགས་ བཅའ་མར་གཏོགས་ཡོདཔ་ཨིན་པས།
ཁོ་གིས་ སྤྱི་ལོ་༢༠༡༦ ལུ་ ཨེ་ཤི་ཡེན་གྱི་ གཟུགས་སྟོབས་འགྲན་བསྡུར་ནང་ལས་ གསེར་གྱི་རྟགས་མ་ཐོབ་ཡོདཔ་ད་ སྤྱི་ལོ་༢༠༡༧ ལུ་ འཛམ་གླིང་གི་འགྲན་བསྡུར་ནང་ལས་ཡང་ གསེར་གྱི་རྟགས་མ་ཐོབ་ཡོདཔ་ཨིན་པས།
ཨམ་སྲུའི་གཟུགས་གཤིས་དབྱེ་སྡེ་ནང་ལས་ ཀུན་བཟང་བདེ་སྐྱིད་ཀྱིས་ རྒྱལ་ཁ་ཐོབ་ཡོདཔ་ད་ མོ་གིས་ རྒྱལ་ཡོངས་འགྲན་བསྡུར་ནང་ ཐེངས་གསུམ་བཅའ་མར་གཏོགས་དོ་ཡོདཔ་ད་ མོ་གིས་ སྤྱི་ལོ་༢༠༢༡ ལས་ གཟུགས་སྟོབས་སྦྱོང་བརྡར་ནང་འཛུལ་ཐོག་ལས་ མོ་ར་སྦྱོང་བརྡར་འགོ་བཙུགས་པའི་སྐབས་ལུ་ འགྲན་བསྡུར་ནང་ བཅའ་མར་གཏོགས་ནི་མེན་པར་ མོ་རའི་གཟུགས་སྟོབས་སྒྲིང་སྒྲི་ བཞག་ནི་དོན་ལུ་ཨིན་རུང་ མོ་གི་ཆ་རོགས་དང་ ཕམ་ཚུ་གིས་ འགྲན་བསྡུར་ནང་ བཅའ་མར་གཏོགས་དགོཔ་སྦེ་ ཨུ་ཚུགས་བསྐྱེད་ཡོདཔ་ཨིན་པས།
མོ་གིས་ ལོ་གསུམ་གྱི་རིང་ལུ་ སྦྱོང་བརྡར་ཚུ་ མ་ཆད་པར་འབད་མི་ལུ་བརྟེན་ རྟགས་མ་ཐོབ་ཅི་ཟེར་ཨིནམ་ད་ གཟུགས་སྟོབས་སྦྱོང་བརྡར་འབད་ནི་དེ་ དོ་འགྲན་ཅན་ཅིག་ཨིན་མི་དེ་ཡང་ དུས་ཚོད་ཁར་ གཟུགས་སྟོབས་སྒྲིང་སྒྲི་ དགོ་ནི་དེ་གིས་ཨིན་པས།
ཕོ་སྐྱེས་ཀྱི་གཟུགས་གཤིས་ནང་ལས་ སུ་མིཏ་རའེ་གིས་ ཨང་དང་པ་ཐོན་ཡོདཔ་ད་ ཁོ་གིས་ ལོ་༡༡ གི་རིང་ལུ་ ལཱ་རྩ་འགེངས་འབད་བའི་ གྲུབ་འབྲས་ཨིན་མས་ཟེར་ཨིན་པས།
འགྲན་བསྡུར་ནང་ བཅའ་མར་གཏོགས་མི་༢༥ ཡོད་པའི་གྲས་ལས་ ཨམ་སྲུ་༩ ཡོདཔ་ཨིན་པའི་གནས་ཚུལ།

ཚེ་རིང་དབང་འདུས།

Advertisement