༉ སྤྱི་ཟླ་༡༡ པའི་ཚེས་༡༥ ལུ་ རྒྱལ་ཡོངས་ཚོགས་འདུ་གིས་ འབྲུག་གི་ཅ་ཆས་དང་ཞབས་ཏོག་ཁྲལ་གྱི་འཕྲི་སྣོན་དཔྱད་ཡིག་༢༠༢༤ ཅན་མ་དེ་ གསུང་གྲོས་གནང་ནིའི་ གྲོས་ཆོད་ལས་ ཕྱིར་བཏོན་འབད་ཡི།
དཔྱད་ཡིག་གི་འགོ་འཛིན་པ་ དངུལ་རྩིས་བློན་པོ་ ལས་སྐྱིད་རྡོ་རྗེ་གིས་ ཚོགས་ཁང་ནང་ ཕྱིར་བཏོན་འབད་དགོ་པའི་ གྲོས་དོན་ཕུལ་ཡོདཔ་ཨིན་པས།
བློན་པོ་གིས་ ཞུ་མིའི་ནང་ དཔྱད་ཡིག་དེ་ ལག་ལེན་འཐབ་ནི་ལུ་ རིམ་ལུགས་གྲ་སྒྲིག་མེད་པའི་ཁར་ དཔྱད་ཡིག་དེ་ རྒྱལ་ཡོངས་ཚོགས་འདུའི་ སྔོན་འགྲོའི་གྲོས་འཛོམས་ནང་ དངུལ་རྩིས་ལྷན་ཁག་གིས་ ལྷན་རྒྱས་གཞུང་ཚོགས་ལུ་ བཙུགས་མ་ཚུགས་མི་དེ་ཡང་ ཏི་རུའི་དཔྱད་ཡིག་འབདཝ་ལས་ གསང་བ་བཞག་དགོ་ནི་དེ་གིས་ཨིན་ཟེར་ བློན་པོ་གིས་ཞུ་ཡི།
བློན་པོ་གིས་ དཔྱད་ཡིག་དེ་ བདུན་ཕྲག་༡ གི་ཧེ་མར་ ལྷན་རྒྱས་གཞུང་ཚོགས་ལུ་ ཕུལ་བའི་སྐབས་ ཚ་གྱང་དག་པ་ཅིག་ཡོད་མི་དེ་ སེལ་ཐབས་འབད་དགོཔ་ཡོདཔ་བཞིན་དུ་ བསྟར་སྤྱོད་འབདཝ་ད་ དུས་ཚོད་ཅིག་ དགོ་ནི་མས་ཟེར་ཞུ་ཡི།
གཞུང་༣ པའི་སྐབས་ འབྲུག་གི་ཅ་ཆས་དང་ཞབས་ཏོག་ཁྲལ་གྱི་བཅའ་ཁྲིམས་༢༠༢༠ ཅན་མ་ བརྩམས་ཏེ་ཡོདཔ་ད་ འཕྲི་སྣོན་དེ་ཡང་ སྤྱི་ལོ་༢༠༢༡ དང་༢༠༢༢ ལུ་ འབད་དེ་འདུག་ཟེར་ཨིན་པས།
བཅའ་ཁྲིམས་ལུ་བརྟེན་ ཅ་ཆས་དང་ཞབས་ཏོག་གི་ བཙོང་ཁྲལ་མེན་པར་ སྤྱོད་ཁྲལ་ཚུ་ག་ར་ལུ་ ཕོག་ནི་ཨིན་རུང་ བཅའ་ཁྲིམས་བརྩམས་ཏེ་ ལོ་༤ ལྷགཔ་ཅིག་ཡར་སོ་རུང་ བསྟར་སྤྱོད་འབད་དེ་ ཕར་འགྱངས་སྦེ་ར་ ལུས་སོ་ནུག་ཟེར་ཨིན་པས།
གཞན་འབད་བ་ཅིན་ བཅའ་ཁྲིམས་དེ་ སྤྱི་ལོ་༢༠༢༡ ཟླ་༧ པའི་ཚེས་༡ ལས་ བསྟར་སྤྱོད་འབད་དགོཔ་ཅིག་ཨིན་རུང་ སྤྱི་ལོ་༢༠༢༢ ཀྱི་ བཅའ་ཁྲིམས་འཕྲི་སྣོན་ནང་ ཅ་ཆས་དང་ཞབས་ཏོག་གི་ འབྲུག་གི་ཁྲལ་རིམ་ལུགས་གྲ་སྒྲིག་འགྱོཝ་ད་ སྤྱི་ཚོགས་ཀྱིས་ ཆ་འཇོག་གྲུབ་པའི་ ཚེས་གྲངས་ལས་ འགོ་བཙུགས་ཏེ་ བསྟར་སྤྱོད་འབད་དགོཔ་སྦེ་ བཀོད་དེ་འདུག་ཟེར་ དངུལ་རྩིས་བློན་པོ་ ལས་སྐྱིད་རྡོ་རྗེ་གིས་ཞུ་ཡི།
བཅའ་ཁྲིམས་ལག་ལེན་འཐབ་མ་ཚུགས་མི་ གནད་དོན་གཙོ་བོ་ར་ འབྲུག་གི་ཁྲལ་རིམ་ལུགས་གྲ་སྒྲིག་མེད་མི་ལུ་བརྟེན་ བསྟར་སྤྱོད་མ་འབད་བར་ ལུས་སོ་ནུག་ཟེར་ཨིན་པས།
དེ་འབདཝ་ལས་ དཔྱད་ཡིག་ལག་ལེན་ནི་གི་ འབྲུག་ཁྲལ་རིམ་ལུགས་བཟོ་ནིའི་དོན་ལུ་ འཕྲལ་ཁམས་ཅིག་ཁར་ ནིའུ་ཟི་ལེནཌི་ལུ་ བྱིན་ཏེ་ཡོད་ཟེར་ཨིན་པས།
བློན་པོ་གིས་ སྤྱི་ལོ་༢༠༢༠ ལས་འགོ་བཙུགས་ཏེ་ འཛམ་གླིང་རྒྱལ་ཁབ་ཚུ་ནང་ ནད་ཡམས་ཐོན་ཏེ་ དཔལ་འབྱོར་ལུ་ ཐོ་ཕོག་སྟེ་ གཞུང་གིས་གཙོ་རིམ་དེ་ ནད་ཡམས་ལུ་འབད་མི་དེ་གིས་ཡང་ བཅའ་ཁྲིམས་ཏེ་ བསྟར་སྤྱོད་འབད་མ་ཚུགས་པས་ཟེར་ཨིན་པས།
དཔྱད་ཡིག་འགོ་འཛིན་པ་གིས་ ཞུ་མིའི་ནང་ རིམ་ལུགས་དེ་ བཟོ་ཚར་བའི་ཤུལ་ལས་ བསྟར་སྤྱོད་འབད་བའི་སྐབས་ དཀའ་ངལ་རེ་འབྱུང་པ་ཅིན་ འཕྲི་སྣོན་འབད་ནི་ལུ་ བཞག་སྟེ་ཡོད་ཟེར་ཨིན་པས།
ལམ་གོང-ཝང་ཅང་གི་འཐུས་མི་ བསོད་ནམས་བཀྲིས་ཀྱིས་ དངུལ་རྩིས་བློན་པོ་ལུ་ རྒྱབ་སྐྱོར་བཟུམ་ཅིག་སྦེ་ ཞུ་མིའི་ནང་ འདས་པའི་གཞུང་གི་ རྒྱུ་དངོས་ཁྲལ་གྱིས་ མི་སེར་ཚུ་ལུ་ དཀའ་ངལ་དང་ ནད་ཡམས་ལུ་བརྟེན་ ཚོང་འབྲེལ་དང་ རྒྱལ་ཁབ་ཀྱི་དཔལ་འབྱོར་ ལེགས་ཤོམ་མེད་པའི་ ནམ་དུས་ལུ་ ཅ་ཆས་དང་ཞབས་ཏོག་ཁྲལ་བཀལ་བ་ཅིན་ ཐ་ན་ ཉེར་བ་མཁོའི་ཚྭ་དང་ མར་ཁུ་ཚུ་ལུ་ཡང་ ཁྲལ་ཕོག་ནི་བཟུམ་ཅིག་ འདུག་ཟེར་ཨིན་པས།
དེ་མ་ཚད་ འདས་པའི་གཞུང་གིས་ དགོས་མཁོ་ཞབས་ཏོག་ བརྒྱུད་འཕྲིན་ཞབས་ཏོག་ཚུ་ ཡངས་ཆག་བཏང་བའི་ ནམ་དུས་ལུ་ ཅ་ཆས་དང་ཞབས་ཏོག་གི་ཁྲལ་ བསྟར་སྤྱོད་འབད་བ་ཅིན་ སྟབས་མ་བདེཝ་སྦོམ་སྦེ་ར་ འབྱུང་ནི་ནི་མས་ཟེར་ བསོད་ནམས་བཀྲིས་ཀྱིས་ཞུ་ཡི།
ཁོ་གིས་འབད་བ་ཅིན་ ཁྲལ་བསྟར་སྤྱོད་འབད་དགོ་པ་ཅིན་ ཧེ་མ་ར་ ཅ་ཆས་ཚུ་ གྲ་སྒྲིག་འབད་དགོཔ་དེ་ གལ་ཅན་ཅིག་ཨིན་ཟེར་ཞུ་ཡི།
དཔྱད་ཡིག་ཕྱིར་བཏོན་གྱི་ གནད་དོན་ནང་ ཚོགས་དཔོན་ལུང་བསྟན་རྡོ་རྗེ་གིས་ གསུངས་མིའི་ནང་ གཞུང་གིས་ འགོ་ཐོག་ར་ འཕྲི་སྣོན་གྱི་དོན་ལུ་ དཔྱད་ཡིག་༡༣ བཙུགས་ཏེ་ བདུན་ཕྲག་དག་པ་ཅིག་གི་ཤུལ་ལས་ ཕྱིར་ཐོན་འབད་དགོཔ་ བྱུང་ཡི་ཟེར་ཨིན་པས།
ད་རེས་ལས་ཕར་ གཞུང་དང་ ཞི་གཡོགཔ་ཚུ་གི་བར་ན་ གསུང་གྲོས་ལེགས་ཤོམ་སྦེ་གནང་སྟེ་ གསུང་གྲོས་གནང་དགོཔ་ ངེས་ཏིག་ཡོད་མི་ཚུ་ བཙུགས་དགོཔ་ད་ གྲ་སྒྲིག་མེད་པ་ཅིན་ བཙུགས་པའི་ཤུལ་ལས་ བཏོན་པའི་སྐབས་ སྟབས་མ་བདེཝ་བྱུངམ་མས་ཟེར་ ཚོགས་དཔོན་གྱིས་གསུངས་ཡི།
གཞུང་གིས་ འགོ་འདྲེན་འཐབ་སྟེ་ དཔྱད་ཡིག་ག་ཅི་ར་ འཕྲིན་སྣོན་འབད་དགོཔ་འདུག་ག་ རྩོད་དཔོན་ཡོངས་ཁྱབ་དང་ གྲོས་བསྟུན་འབད་དེ་ འཕྲི་སྣོན་འབད་དགོ་མི་ དཔྱད་ཡིག་ཚུ་ ཚོགས་ཁང་ནང་ བཙུགས་གནང་ཟེར་ ཚོགས་དཔོན་གྱིས་ གསུངས་ཡོད་པའི་གནས་ཚུལ།
དངུལ་རྩིས་བློན་པོ་ ལས་སྐྱིད་རྡོ་རྗེ།
ཨོ་རྒྱན་རྡོ་རྗེ།