༉ ཚོད་རྩིས་བཏོན་པའི་ ནང་འཁོད་འོང་འབབ་བརྒྱ་ཆ་༧.༡ དེ་ཅིག་ ཡར་འཕར་སོང་ཡོདཔ་ལས་ རྩིས་ལོ་༢༠༢༣-༢༤ ལུ་ རྩིས་ཆད་དངུལ་ཀྲམ་ཐེར་འབུམ་༡༥.༥༥ དམིགས་གཏད་བསྐྱེད་མི་གིས་ ཁྱད་པར་བསུབ་ནི་ལུ་ ལྷན་ཐབས་འབད་དོ་ཡོདཔ་ཨིན་པས།

རྒྱལ་ཁབ་ནང་ ཁྲལ་གྱི་སྲིད་བྱུས་དང་ ཁྲལ་བདག་སྐྱོང་ལམ་ལུགས་ དེ་ལས་ བརྡ་དོན་འཕྲུལ་རིག་གི་ གཞི་རྟེན་དང་འབྲེལ་བའི་ དཀའ་ངལ་ཚུ་ སྦོམ་སྦེ་ར་ བྱུང་དོ་ཡོདཔ་ཨིན་པས།

གནད་དོན་འདི་ལུ་བརྟེན་ ཕན་ནུས་ཅན་གྱི་ ཁྲལ་ལམ་ལུགས་གཞི་བཙུགས་འབད་ནི་དང་ མི་ཚུ་གི་དོན་ལས་ ཁྲལ་གྱི་ཞབས་ཏོག་ཚུ་ ཡར་དྲག་གཏང་ནི་ལུ་ དཀའ་ངལ་བྱུང་དོ་ཡོདཔ་ཨིན་པས།

འོང་འབབ་དང་ཅ་དམ་ལས་ཁུངས་ཀྱི་ ཐོ་བཀོད་དང་འཁྲིལ་བ་ཅིན་ འབྲུག་ལུ་ ལས་འཛིན་དང་ ཚོང་འབྲེལ་ རང་སོའི་འབབ་ཁུངས་ཀྱི་ཁྲལ་བཏབ་མི་༡༡༦,༠༠༠ དེ་ཅིག་ ཡོདཔ་ཨིན་པས།

རང་སོའི་ འབབ་ཁུངས་ཀྱི་ཁྲལ་བཏབ་མི་དང་ ནང་འཁོན་ཐོན་སྐྱེད་ཡོངས་འབོར་གྱི་ཆ་ཚད་ བརྒྱ་ཆ་༡༣ དེ་ཅིག་ ཡོདཔ་ཨིན་པས།

ལས་ཁུངས་ཀྱི་ ཡོངས་ཁྱབ་མདོ་ཆེན་ བསོད་ནམས་རྒྱ་མཚོ་གིས་ སླབ་མིའི་ནང་ འབྲུག་གི་ འབབ་ཁུངས་ཁྲལ་གྱི་སྲིད་བྱུས་དེ་ འགན་ལེན་དང་ སེམས་ཤུགས་མཐུན་རྐྱེན་ དེ་ལས་ ཕབ་ཆག་ལུ་བརྟེན་དོ་ཡོདཔ་ཨིན་པས།

ཁོ་གིས་འབད་བ་ཅིན་ རང་སོའི་ འབབ་ཁུངས་ཀྱི་ཁྲལ་བཅའ་ཁྲིམས་༢༠༠༡ ཅན་མ་དེ་ དུས་ཚོད་རྫོགས་ཡོདཔ་ལས་ ལམ་ལུགས་བསྒྱུར་བཅོས་འགྱོ་མི་དང་འབྲེལ་ ཌི་ཇི་ཊཱལ་དང་ ཀི་རིབ་ཊོ་ ཀ་རེན་སིསི་ བིཊ་ཀོའི་དང་ ལོ་བོག་ཅེན་འཕྲུལ་རིག་ཚུ་དང་ ལག་ལེན་འཐབ་མི་ཚུགས་པས་ཟེར་ཨིན་པས།

ཡོངས་ཁྱབ་མདོ་ཆེན་གྱིས་ གནད་དོན་ཚུ་ཡང སྤྱི་ཟླ་༥ པའི་ཚེས་༡༣ ལུ་ སྤ་རོ་ འཇིགས་མེད་སེངྒེ་དབང་ཕྱུག་ཁྲིམས་ཀྱི་སློབ་སྡེ་ནང་ ཡུན་བརྟན་གོ་འཕེལ་གྱི་དམིགས་ཡུལ་གྲུབ་ནི་ལུ་ ཁྲལ་དྲང་བདེན་དང་ ཁྲིམས་ལུགས་གནས་ནི་ལུ་ལྷན་ཐབས་ དེ་ལས་ མི་སྡེ་གན་ཡིག་བསྐྱར་གསོ་གི་ རྒྱལ་ཡོངས་གྲོས་འཛོམས་འཚོགས་པའི་སྐབས་ བཤད་ཡོདཔ་ཨིན་པས།

ད་རེས་ འབྲུག་ལུ་ ཁྲལ་བཏབ་མི་མཐོ་ཤོས་བརྒྱ་ཆ་༢༠ གིས་ ཁྲལ་འོང་འབབ་ཡོངས་བསྡོམས་ལས་ བརྒྱ་ཆ་༨༠ ལྷན་ཐབས་འབད་དོ་ཡོདཔ་ད་ བསོད་ནམས་རྒྱ་མཚོ་གིས་ སླབ་མིའི་ནང་ གནས་སྟངས་དེ་ ལོག་དབྱེ་ཞིབ་འབད་དགོཔ་ཡོད་མི་དེ་ཡང་ ད་ལྟོ་ཚུན་ རྒྱལ་ཁབ་ནང་ ག་ར་གིས་ གཅིག་མཚུངས་སྦེ་ ཁྲལ་བཏབ་མི་ལུ་བརྟེན་ཨིན་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ མི་སེར་ཚུ་གིས་ ཁྲལ་དང་འབྲེལ་བའི་ སྟབས་མ་བདེཝ་ཚུ་ སེལ་ཐབས་ལུ་ ཁྲབ་བཏབ་དོ་ཡོད་རུང་ ཡོངས་འབྲེལ་གྱི་ ལམ་ལུགས་དེ་ ཕན་ནུས་ཅན་ཅིག་མེདཔ་ད་ རང་སོའི་འབབ་ཁུངས་ཀྱི་ ཁྲལ་བཏབ་ནིའི་དོན་ལུ་ ར་མིསི་ལམ་ལུགས་རྙིངམ་དེ་ར་ ལག་ལེན་འཐབ་དོ་ཡོདཔ་ལས་ ཕན་ནུས་ཅན་ཅིག་ མིན་འདུག་ཟེར་ཨིན་པས།

ལས་ཁུངས་ཀྱིས་ ནང་འདྲེན་དང་ ཕྱིར་ཚོང་བྱ་སྒོ་གྱི་ ལམ་ལུགས་ཡར་དྲག་གཏང་ནིའི་དོན་ལས་ ཡོངས་འབྲེལ་ཐོག་ལས་ འོང་འབབ་འཛིན་སྐྱོང་ལམ་ལུགས་ཅིག་ བཟོ་ཡོདཔ་ད་ དེང་སང་ལམ་ལུགས་དང་ འབྲེལ་བ་བཟོ་ནིའི་དོན་ལས་ འོང་འབབ་ཁྲལ་གྱི་བཅའ་ཁྲིམས་ཡང་ བསྐྱར་ཞིབ་འབད་དོ་ཡོདཔ་ཨིན་པས།

བསོད་ནམས་རྒྱ་མཚོ་གིས་ སླབ་མིའི་ནང་ ལམ་ལུགས་ཀྱི་ དམིགས་ཡུལ་དེ་ཡང་ བྱ་སྒོའི་ལམ་ལུགས་དང་ སྒྲིག་གཞི་ དེ་ལས་ ཁྲལ་གྱི་ལམ་ལུགས་ཚུ་ སྟབས་བདེ་ཏོག་ཏོ་ བཟོ་ནི་ལུ་དམིགས་ཏེ་ཨིན་ཟེར་ཨིན་པས།

ཁྲལ་གྱི་འགོ་དཔོན་ཚུ་གི་ ལཱ་མར་ཕབ་ལུ་ ལས་ཁུངས་ཀྱིས་ ཌ་ཊ་བཙུགས་མི་དང་འབྲེལ་ ལཱ་ཚུ་འབད་ནིའི་ལུ་ ཁ་སྐོང་ལས་བྱེདཔ་ཚུ་ གསར་བཙུགས་འབད་ཡོདཔ་ཨིན་པས།

 

ཁྲལ་དང་ཡུན་བརྟན་གོང་འཕེལ་གྱི་ དམིགས་ཡུལ་ཚུ།

སྤྱི་ལོ་༢༠༣༠ གི་ ཡུན་བརྟན་གོང་འཕེལ་གྲོས་གཞི་འོག་ལུ་ ཡུན་བརྟན་གོང་འཕེལ་གྱི་དམིགས་ཡུལ་༡༧ འགྲུབ་ནི་དེ་ དངུལ་འབྲེལ་སྒྲིང་སྒྲི་དགོཔ་དེ་ གལ་ཅན་སྦེ་ མཐོང་ཡོདཔ་ཨིན་པས།

རྒྱལ་ཁབ་ནང་ དངུལ་འབྲུལ་དང་འབྲེལ་བའི་ ཁྱད་ཆོས་ཡར་དྲག་གཏང་ནིའི་དོན་ལུ་ ཁྲལ་གྱི་ལམ་ལུགས་ལེགས་ཤོམ་བཟོ་ནི་དེ་ ཆ་ཤས་གཙོ་ཅན་ཅིག་ཨིན་པས།

འཛམ་གླིང་སྤྱི་ཚོགས་གོང་འཕེལ་ལས་རིམ་གྱི་ གནས་བཞུགས་ངོ་ཚབ་ མ་ཧ་མཌི་ ཡོ་ནུསི་གིས་ སླབ་མིའི་ནང་ ཁྲལ་དེ་ འོང་འབབ་བསྡུ་ལེན་འབད་ནི་རྐྱངམ་གཅིག་མེན་པར་ མི་སེར་དང་ གཞུང་གི་བར་ན་ མི་སྡེའི་འགན་ཡིག་ཅིག་ཡང་ ཨིན་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ དྲང་མཉམ་དང་ ཁྲལ་ལམ་ལུགས་ལེགས་ཤོམ་གྱིས་ དཔལ་འབྱོར་གོང་འཕེལ་གཏང་ནི་གིས་མ་ཚད་པར་ མི་སྡེ་གཅིག་མཐུན་དང་ གཞུང་སྐྱོང་ལེགས་ལྡན་ རང་བཞིན་གནས་སྟངས་ཡུན་བརྟན་ལ་སོགས་པ་ཚུ་ གོང་འཕེལ་གཏང་ནི་ལུ་ ལྷན་ཐབས་འབད་ཚུགས་ཟེར་ཨིན་པས།

ཨེ་ཤི་ཡ་དང་ པེ་སི་ཕིཊ་ལུང་ཕྱོགས་ཀྱི་ ཡུན་བརྟན་གོང་འཕེལ་གྱི་ དམིགས་ཡུལ་འགྲུབ་ཚུགས་ག?

མ་ཧ་མཌི་ ཡོ་ནུསི་གིས་ ཨེ་ཤི་ཡ་དང་ པེ་སི་ཕིཊ་གི་ རྒྱལ་སྤྱི་དཔལ་འབྱོར་དང་མི་སྡེ་ལྷན་ཚོགས་ཀྱི ཡུན་བརྟན་གོང་འཕེལ་གྱི་ གྲུབ་འབྲས་སྙན་ཞུ་སྐོར་ལས་ སྙན་ཞུ་འབད་ཡོདཔ་ཨིན་པས།

ཁོ་གིས་འབད་བ་ཅིན་ ལུང་ཕྱོགས་ཀྱིས་ སྤྱི་ལོ་༢༠༣༠ ལུ་ དཔྱ་༣ རྐྱངམ་གཅིག་ འགྲུབ་ཚུགས་ནི་བཟུམ་ཅིག་ཡོད་པའི་ཁར་ ངོས་ལེན་འབད་བའི་ དུས་ཚོད་ནང་འཁོད་ལུ་ དམིགས་ཡུལ་༧༠ ཡང་ འགྲུབ་ཚུགས་པར་ ལཱ་ཁག་གཏང་ནི་མས་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ ཨེ་ཤི་ཡ་པེ་སི་ཕིག་ལུང་ཕྱོགས་ནང་ ཕན་ནུས་ཅན་གྱི་ ཁྲལ་གཞི་སྒྱུར་གྱིས་ ལོག་དཔལ་འབྱོར་གོང་འཕེལ་གཏང་ནི་ལུ་ འོས་འབབ་སྦོམ་ཡོདཔ་ད་ ཡུན་བརྟན་གོང་འཕེལ་གྱི་ དམིགས་ཡུལ་འགྲུབ་ནི་ལུ་ དངུལ་འབྲེལ་གྱི་ཐོན་སྐྱེད་ལེ་ཤ་ དགོས་མཁོ་ཡོདཔ་བཞིན་དུ་ ཡུ་ཨེསི་ཌི་དུང་ཕྱུར་༤.༢ གི་ ཁྱད་པར་ཡོདཔ་ཨིན་པས།

མ་ཧ་མཱད་ ཡོ་ནུསི་གིས་ རྒྱལ་སྤྱི་གོང་འཕེལ་ལས་རིམ་གྱིས་ ཡུན་བརྟན་གོང་འཕེལ་དམིགས་ཡུལ་ལས་འགུལ་ལུ་ ཁྲལ་འགོ་དཔོན་ཚུ་ལུ་ ཁྲལ་གྱི་རྩིས་བསྡུ་ལེན་དང་ ཁྲལ་བདེ་སྒྲིག་གན་ཡིག་ དེ་ལས་ འབྲུག་གི་དམིགས་སེལ་ཐབས་ནང་ ཁྲལ་གྱི་གན་ཡིག་བརྩིས་ཏེ་ འབྲུག་ལུ་ དགོས་མཁོ་ཅན་གྱི་ རྒྱབ་སྐྱོར་ཚུ་ བྱིན་དོ་ཟེར་ཨིན་པས།

ཁོ་གིས་ འཕྲལ་ར་ འགོ་འདྲེན་འཐབ་ནི་ཨིན་མི་ལས་སྣ་ ཁྲལ་གྱི་གནས་ཚད་དང་ ཡུན་བརྟན་གོང་འཕེལ་གྱི་དམིགས་ཡུལ་སྐོར་ལས་ སྦྱོང་བརྡར་དང་ སྤྱི་ཚོགས་ཀྱི་འཐུས་མི་ཚུ་ལུ་ ཁྲལ་དང་ ཡུན་བརྟན་གོང་འཕེལ་གྱི་དམིགས་ཡུལ་བར་ན་ འབྲེལ་མཐུད་ཀྱི་ གྲོས་འཛོམས་སྐོར་ལས་ གསལ་བསྒྲགས་འབད་ཡོད་པའི་གནས་ཚུལ།

 

ཨོ་རྒྱན་རྡོ་རྗེ།

 

Advertisement