༉ ད་རིས་ ཉིན་གྲངས་༢ འབད་མི་ འབྲུག་གི་བྱ་རིགས་དུས་སྟོན་ཐེངས་༤ པ་དེ་ གཞལམ་སྒང་གི་ས་གནས་ ཏིང་ཏི་སྦིས་ལུ་སྦེ་ འགོ་འབྱེད་འབད་ཡོདཔ་ཨིན་པས།
དངུལ་རྩིས་བློན་པོ་ ལས་སྐྱིད་རྡོ་རྗེདང་ དགེ་ལེགས་ཕུག་ རང་སྐྱོང་ལུང་ཕྱོགས་ཀྱི་སྤྱི་འཛིན་ ཌོག་ཊར་བློ་གྲོས་ཚེ་རིང་གིས་ དུས་སྟོན་དེ་ འགོ་འབྱེད་འབད་ཡོདཔ་ཨིན་པས།
དུས་སྟོན་ནང་ བྱ་བལྟ་ནིའི་ལམ་འགྲུལ་དང་ གྲུ་གཏང་ནི་ དེ་ལས་ ཉ་འཕུར་མིའི་འགྲེམས་སྟོན་ དེ་ལས་ ཐགཔ་འཐེན་ནི་ལ་སོགས་པའི་ ལས་རིམ་ལེ་ཤ་ཅིག་ར་ འགོ་འདྲེན་འཐབ་དོ་ཡོདཔ་ཨིན་མས།
དེ་མ་ཚད་ སྒོ་ནོར་གྱི་ཐོན་སྐྱེད་དང་ སྦ་དང་ཚར་གྱི་ཐོན་སྐྱེད་ དེ་ལས་ གཞལམ་སྒང་གི་ རང་ལུགས་ཞབས་ཁྲ་ཚུ་ མི་མང་ལུ་ སྤྱན་འབུལ་ཕུལ་དོ་ཡོད་པའི་ཁར་ གཞལམ་སྒང་གི་ བྱའི་ཀི་དེབ་ཅིག་ཡང་ གསར་བཏོན་འབད་ཡོདཔ་ཨིན་པས།
གསར་སྤང་དང་ ཀྲོང་གསར་རྫོང་ཁག་གི་ ཚོང་པ་ཚུ་གིས་ཡང་ དུས་སྟོན་ནང་ བཅའ་མར་གཏོགས་དོ་ཡོདཔ་ད་ ཁྱིམ་ཚང་རྫོང་ཁག་༢ ལས་ གཞུང་གི་འགོ་དཔོན་ཚུ་བརྩིས་ཏེ་ མི་བརྒྱ་ལས་བཅད་མི་ཚུ་གིས་ དུས་སྟོན་ནང་ བཅའ་མར་གཏོགས་དོ་ཡོདཔ་ཨིན་པས།
དེ་མ་ཚད་ ཐིམ་ཕུག་ལས་ ཁྱད་རིག་ཅན་གྱི་ སྒྱུ་རྩལ་པ་ཚུ་དང་ ས་གནས་ཀྱི་ སྒྱུ་རྩལ་པ་ཚུ་གིས་ སྙན་ཆ་དང་ ཞབས་ཁྲའི་ལས་རིམ་ཚུ་ འགོ་འདྲེན་འཐབ་པའི་ཁར་ ཕྱི་རུ་ ལམ་སྲོལ་གྱི་ལས་རིམ་ཚུ་ཡང་ སྟོན་དོ་ཡོདཔ་ཨིན་པས།
དུས་སྟོན་དེ་ འགོ་དང་པ་ར་ སྤྱི་ལོ་༢༠༡༥ ལུ་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་གི་ འཁྲུངས་སྐར་དུས་ཆེན་ བརྩི་སྲུང་ཞུ་ནིའི་དོན་ལུ་ འགོ་འདྲེན་འཐབ་ཡོདཔ་ད་ གཞལམ་སྒང་དེ་ སྐྱེ་ལྡན་ལྟ་བཤལ་རྒྱལ་ས་སྦེ་ མིང་བཏགས་ཏེ་ཡོདཔ་ད་ ས་གནས་ནང་ བྱ་རིགས་༣༥༧ དང་ ཉམས་ཉེན་ཆེ་བའི་ བྱ་རིགས་ཅིག་ཨིན་མི་ ཆུ་བྱ་ཕོཝ་དཀརཔོ་ཡང་ ཡོད་པའི་གནས་ཚུལ།
བཙན་སྐྱོགས་དབང་འདུས།