༉ དུས་ཅི་ སྤྱི་ཟླ་༡ པ་ལས་༣ པ་ཚུན་ ཟླཝ་༣ གྱི་ནང་འཁོད་ལུ་ གློག་མེ་ཕྱིར་ཚོང་བརྩིས་ཏེ་ འབྲུག་གི་ཚོང་འབྲེལ་རྩིས་ཆད་ དངུལ་ཀྲམ་ཐེར་འབུམ་༡༩.༢༤ ཐོན་ཡོདཔ་ཨིན་པས།
འདས་པའི་ལོ་དང་ཕྱདཔ་ད་ ཚོང་འབྲེལ་རྩིས་ཆད་ དངུལ་ཀྲམ་ཐེར་འབུམ་༢.༨༤ འབདཝ་ད་ བརྒྱ་ཆ་༡༢.༨ ཀྱི་ རྩིས་ཆད་བསུབས་ཡོདཔ་ད་ ཚོང་འབྲེལ་གནས་སྡུད་དང་འཁྲིལ་བ་ཅིན་ འབྲུག་གིས་ དངུལ་ཀྲམ་ཐེར་འབུམ་༢༨.༢༤ གནས་པའི་ རྒྱུ་དངོས་ནང་འདྲེན་འཐབ་མི་ལས་ རྒྱ་གར་དང་གཅིག་ཁར་ ཚོང་འབྲེལ་གྱི་ཁྱད་པར་དེ་ དངུལ་ཀྲམ་ཐེར་འབུམ་༢༥.༡༡ ལྷགཔ་ཅིག་ ཡོདཔ་ཨིན་པས།
དེ་ཡང་ འདས་པའི་ལོ་དང་ཕྱདཔ་ད་ དངུལ་ཀྲམ་ཐེར་འབུམ་༢.༧༥ འབདཝ་ད་ བརྒྱ་ཆ་༨.༧ དེ་ཅིག་ མར་བབས་སོང་ཡོདཔ་ད་ ན་ཧིང་ ནང་འདྲེན་གནས་སྡུད་དེ་ སྤྱི་ཟླ་༡ པའི་ཚེས་༣ གྱི་ནང་འཁོད་ལུ་ དངུལ་ཀྲམ་ཐེར་འབུམ་༣༡.༥༩ ཐོ་བཀོད་འབད་ནུག།
རྒྱལ་ཁབ་ནང་ ཕྱིར་ཚོང་གནས་གོང་ལས་ ནང་འདྲེན་འབད་ནི་དེ བརྒལ་སོ་པ་ཅིན་ ཚོང་འབྲིལ་རྩིས་ཆད་ ཐོན་དོ་ཡོདཔ་ཨིན་པས།
འབྲུག་གི་ཕྱིར་ཚོང་གི་ འོང་འབབ་གཙོ་བོ་ར་ གློག་མེ་ཨིནམ་ད་ སྤྱི་ཟླ་༡ པ་ལས་༣ པའི་ནང་འཁོད་ལུ་ གློག་མེ་ནང་འདྲེན་ ཡར་འཕར་སོང་ཡོདཔ་ལས་ ཚོང་འབྲེལ་རྩིས་ཆད་ལུ་ འབྱེམ་ཕོག་ཡོདཔ་ཨིན་པས།
སྤྱིར་བཏང་འབྲུག་གིས་ གློག་མེ་ཡང་ སྤྱི་ཟླ་༡༢ པ་ལས་ ཟླ་༣ པ་ཚུན་ ནང་འདྲེན་འཐབ་དོ་ཡོདཔ་ཨིན་པས།
དེ་བསྒང་ ཆར་ཆུ་མི་འབབ་དོ་ཡོདཔ་ལས་ དུས་ཅི་ ཟླ་༡ པ་ལས་༣ པའི་ནང་འཁོད་ལུ་ དངུལ་ཀྲམ་ཐེར་འབུམ་༤.༣ གནས་པའི་ གློག་མེ་ནང་འདྲེན་འཐབ་ཡོདཔ་ད་ དེ་ཡང་ འདས་པའི་ལོ་དང་ཕྱདཔ་ དངུལ་ཀྲམ་ཐེར་འབུམ་༢.༧ དེ་ཅིག་ ཡར་སོང་ཡོདཔ་ད་ ན་ཧིང་འབད་བ་ཅིན་ དངུལ་ཀྲམ་ཐེར་འབུམ་༡.༥༥ ལས་བརྒལ་མེདཔ་ཨིན་པས།
གལ་སྲིད་ གློག་མེ་ནང་འདྲེན་མ་འཐབ་པ་ཅིན་ དུས་ཅི་ ཟླཝ་༣ གྱི་ནང་འཁོད་ལུ་ རྒྱལ་ཁབ་ཀྱི་ ཚོང་འབྲེལ་རྩིས་ཆད་ དངུལ་ཀྲམ་ཐེར་འབུམ་༡༤.༩༣ ལུ་ མར་འབབ་འགྱོ་ནི་ཨིན་པས།
རྒྱལ་ཁབ་ཀྱི་ གློག་མེ་ཕྱིར་ཚོང་དེ་ དངུལ་ཀྲམ་ཐེར་འབུམ་༢༡༨.༥༡ ལས་ དངུལ་ཀྲམ་ཐེར་འབུམ་༡༩༨.༠༨ དེ་ཅིག་ལུ་ མར་བབས་སོང་ཡོདཔ་ཨིན་པས།
སྤྱི་ལོ་༢༠༢༣ ལུ་ འབྲུག་གིས་ དངུལ་ཀྲམ་ཐེར་འབུམ་༡༦.༦༧ གནས་པའི་ གློག་མེ་ཕྱིར་ཚོང་འཐབ་པའི་ཁར་ དངུལ་ཀྲམ་ཐེར་འབུམ་༡.༨༨ གནས་པའི་ གློག་མེ་ནང་འདྲེན་འཐབ་ནུག།
གློག་མེ་ནང་འདྲེན་མར་འབབ་དེ་ཡང་ གཞུང་གིས་ སྤྱི་ལོ་༢༠༢༢ ཟླ་༨ པ་ལས་ དགོས་མཁོ་མིན་པའི་ སྣུམ་འཁོར་ཚུ་ ནང་འདྲེན་འཐབ་ནི་ལས་ བཀག་དམ་འབད་མི་ལུ་བརྟེན་ཨིན་པས།
ནང་འདྲེན་མཐོ་ཤོས་༡༠ འཐབ་མི་ལས་ མཐོ་ཤོས་དེ་ ས་སྣུམ་ཨིནམ་བཞིན་དུ་ དངུལ་ཀྲམ་ཐེར་འབུམ་༣.༧ གནས་པའི་ ས་སྣུམ་ནང་འདྲེན་འཐབ་ཡོདཔ་ཨིན་པས།
དེ་ཡང་ སྤྱི་ལོ་༢༠༢༢ ཟླ་༡ པ་ལས་༣ པའི་ནང་ དངུལ་ཀྲམ་ཐེར་འབུམ་༡.༧༡ གནས་པའི་ ས་སྣུམ་ནང་འདྲེན་འཐབ་མི་ལས་ ན་ཧིང་ སྤྱི་ཟླ་༣ པའི་ ནང་འཁོད་ལུ་ དངུལ་ཀྲམ་ཐེར་འབུམ་༣.༣ ལུ་ ཡར་འཕར་སོང་ནུག།
དེ་བཟུམ་སྦེ་ དངུལ་ཀྲམ་ཐེར་ས་ཡ་༧༠༦.༤༡ གནས་པའི་ ཆུམ་ནང་འདྲེན་འཐབ་མི་དེ་ སྤྱི་ལོ་༢༠༢༢ ལུ་ དངུལ་ཀྲམ་ས་ཡ་༧༥༡.༧༡ ལས་ དངུལ་ཀྲམ་ས་ཡ་༦༧༧.༡༩ ལུ་ མར་བབས་སོང་ནུག།
དེ་ལས་ ཨིསི་མརཊི་ཕཱོན་ནང་འདྲེན་དེ་ འདས་པའི་ལོ་ནང་ དངུལ་ཀྲམ་ས་ཡ་༦༣༥.༨༥ ལས་ དངུལ་ཀྲམ་ས་ཡ་༦༡༣.༨༦ ལུ་ མར་བབས་སོང་ནུག།
རྒྱལ་ཁབ་ནང་ ཕྱིར་ཚོང་གནས་སྡུད་དེ་ འདས་པའི་ལོ་དང་ཕྱདཔ་ད་ དངུལ་ཀྲམ་ཐེར་འབུམ་༩.༦ འབདཝ་ད་ བརྒྱ་ཆ་༩ དེ་ཅིག་ ཡར་འཕར་སོང་ཡོདཔ་ད་ རྒྱལ་ཁབ་ནང་ ཕྱིར་ཚོང་མང་སུ་འཐབ་མི་ ཕི་རོ་སི་ལི་ཀཱོན་ཐད་ལུ་ དངུལ་ཀྲམ་ཐེར་འབུམ་༣.༧༣ ལས་ དངུལ་ཀྲམ་ཐེར་འབུམ་༣.༡༢ ལུ་ མར་འབབ་སོང་ཡོདཔ་ཨིན་པས།
རྡོག་ཕྱིར་ཚོང་དེ་ དངུལ་ཀྲམ་ས་ཡ་༤༦༧.༣༤ ལས་ གཉིས་ལྟབ་སྦེ་ དངུལ་ཀྲམ་ས་ཡ་༩༣༥.༧༣ ལུ་ ཡར་འཕར་སོང་ཡོདཔ་ད་ དེ་བཟུམ་སྦེ་ ཚལ་ལུ་ཕྱིར་ཚོང་དེ་ཡང་ དངུལ་ཀྲམ་ས་ཡ་༢༩༡.༥༡ ལས་ དངུལ་ཀྲམ་ས་ཡ་༣༥༡.༧ ལུ་ ཡར་སེང་སོང་ཡོདཔ་ཨིན་པས།
ཕྱིར་ཚོང་ལས་ ནང་འདྲེན་མང་སུ་འཐབ་པ་ཅིན་ ཕྱི་དངུལ་གསོག་འཇོག་ལུ་ ཐོ་སྦོམ་སྦེ་ར་ ཕོག་དོ་ཡོདཔ་ད་ ན་ཧིང་ སྤྱི་ཟླ་༡༡ པའི་ནང་འཁོད་ལུ་ རྒྱལ་ཁབ་ནང་ ཕྱི་དངུལ་གསོག་འཇོག་དེ་ ཡུ་ཨེསི་ཌོ་ལར་༥༣༣.༢༩ ལུ་ ལྷོད་མི་དེ་ འདས་པའི་ལོ་དང་ཕྱདཔ་ད་ བརྒྱ་ཆ་༣༡ དེ་ཅིག་ མར་བབས་སོང་ཡོད་པའི་གནས་ཚུལ།
ཨོ་རྒྱན་རྡོ་རྗེ།